དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་རྒྱ་སྟོབས་ཆེ་རུ་གཏོང་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཅན་ཀོང་། ལིའུ་ཝུན་ཤིན།   |     སྤེལ་དུས།  2026-11-25

    བཟོ་སྐྲུན་ལས་རིགས་ནི་རང་རྒྱལ་དཔལ་འབྱོར་གྱི་སྲོག་རྩ་དང་། རྒྱལ་སྐྱོང་གི་རྩ་བ་དང་རྒྱལ་སྟོབས་ཀྱི་རྨང་གཞི་རེད།

    རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ཟླ་9ཚེས་16ཉིན་དང་ཚེས་17ཉིན་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས། “སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་ངང་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་གྱི་རང་བརྟེན་ཚོད་འཛིན་ཐུབ་པའི་ཆུ་ཚད་མཐོ་རུ་གཏོང་བ། སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་པ། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། “དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུ”དེ་འཐབ་ཇུས་ལས་འགན་ཁག་གི་ཨང་དང་པོར་བཞག་ཡོད། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “སྟོན་ཕྱོགས་ནི་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱས་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”ཞེས་གསལ་སྟོན་གནང་ཡོད།

    དུས་རབས་གསར་པ་ཤར་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཐབ་ཇུས་མཐོ་ཚད་ཐོག་ནས“སྔོན་ཐོན་བཟོ་སྐྲུན་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་དང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དམིགས་ནས་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་སྟེ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་ཁྲིད་སྟོན་གནང་ཡོད།

    ངེས་ཤུགས་རྒྱུན་འཁྱོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་གྱི་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས།

    2025ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ལུའོ་དབྱང་འཁོར་རྟེན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས། “བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད།

    འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་བྱེད་དགོས་ཤིང་། 2018ལོ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བཟོ་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་ཁྲོད་བཟུང་བའི་བསྡུར་ཚད་ཆག་མགྱོགས་པའི་གནད་དོན”ལ་དོ་ཁུར་ཆེན་པོ་གནང་ཡོད། ལོ་དེའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་རྣམ་འགྱུར་གསལ་སྟོན་གནང་ནས། “བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས”ཞེས་དང་། “བློ་བརྟན་འགྱུར་མེད་ངང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས”ཞེས་གསུངས་ཡོད།

    རྒྱུན་སྲིང་ལྷོད་མེད་ངང་བཀོད་ཇུས་དང་ཤུགས་བརྒྱབ་ནས། “རྒྱལ་སྐྱོང་གི་རྩ་བ་དང་རྒྱལ་སྟོབས་ཀྱི་རྨང་གཞི”རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ལོ་འདི་དག་ལ་ཕྱིར་མིག་བལྟས་ཚེ། “རང་རྒྱལ་གྱི་དཔལ་འབྱོར་དཀའ་ངལ་ཁྱད་དུ་བསད་དེ་སྙུགས་ཤེད་་དང་གསོན་ཤུགས་ཆེན་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། འཐབ་ཇུས་ཀྱི་རྒྱབ་རྟེན་ནི་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་རེད” “ལོ་ལྔ་ཚན་བཅོ་ལྔ་པར”འབད་བརྩོན་བྱེད་པའི་ཐད། སྤྱི་ཁྱབ་ཧྲུའུ་ཅིས“སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་སྐྲུན་དགོས”ཞེས་སླར་ཡང་ནན་བཤད་གནང་ཡོད།

    འཐབ་ཇུས་ཀྱི་རྒྱབ་རྟེན་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་མཆོག་ནོར་བསྐྲུན་རྒྱུ་དེ་ཡང་མི་སེར་གྱི་ཟས་གོས་དང་། འགྲོ་འདུག་སྤྱོད་གསུམ་དང་འབྲེལ་བ་ཡོད། “ངས་རྟག་ཏུ་ངེས་པར་དུ་བྱེད་དགོས་པ་གཉིས་ཞེས་ཤོད་ཀྱི་ཡོད། གཅིག་ནི་འབྲུ་རིགས་ཀྱི་ལྟོ་ཕོར་ཀྲུང་གོས་ངེས་པར་དུ་དམ་པོར་འཛིན་དགོས་པ་དང་། གཞན་ཞིག་ནི་བཟོ་སྐྲུན་ལས་རིགས་ངེས་པར་དུ་བརྟན་དུ་གཏོང་དགོས་པ་དེ་རེད”ཅེས“ངེས་པར་དུ་བྱེད་དགོས་པ་གཉིས”ལ་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་དགོངས་ཟབ་མོ་བཞེས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མས་གོ་ལ་ཧྲིལ་པོའི་བསྡུར་ཚད་བཟུང་ཚད་30%ཙམ་ཟིན་པ་དང་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་ལོ་མང་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

    ཁ་ཕྱོགས་གཏན་འཁེལ་གྱིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བློ་བརྟན་འགྱུར་མེད་ངང་བརྟན་དུ་བཏང་ཡོད།

    “གཏོར་བ”དང“འཛུགས་པར”སྤྱི་འདོམས་དང“རྙིང་པ”དང“གསར་པར”སྟངས་འཛིན་བྱས་ནས། ཕྱོགས་སྒྱུར་རིམ་སྤོར་ཡོང་བར་མཐར་ལག་རྩལ་འགག་སྒྲོལ་ལ་བརྟེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ལག་རྩལ་ཞིབ་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ཐོན་ཅན་གྱི་ཚབ་བྱེད་ཚད་མཐོ་རུ་བཏང་ནས། ཚན་རྩལ་གྱི་སྲོག་རྩ་རང་ཉིད་ཀྱི་ལག་ཏུ་བཟུང་ཚེ་རྒྱལ་ཁབ་གཞི་ནས་དངོས་འབྲེལ་སྟོབས་ཆེར་གཏོང་ཐུབ”ཅེས་མངག་བཅོལ་གནང་ཡོད།

    ཐབས་ལམ་ཁ་གསལ་བཟོས་ནས་བཟོ་སྐྲུན་ལས་རིགས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྤྱི་ཡོངས་ནས་མཐོ་རུ་འགྲོ་བར་བྱེད་དགོས།

    “ཀྲུང་གོའི་རླངས་འཁོར”ནི་བསྡུས་རིས་ཙམ་ཞིག་རེད།

    ཀྲུང་གོ་རླངས་འཁོར་ཚོགས་པ་དང་པོའི་ཚད་ཡོད་ཀུང་སིའི་དར་དམར་དར་རྒྱས་བཟོ་གྲྭའི་ཁུལ་དུ་བཟོ་ལས་འཕྲུལ་མིའི་ལག་པ་འགུལ་བ་དང་བསྟུན་ནས་སྐར་ཆ་54རེར་ནུས་གསར་རླངས་འཁོར་རེ་ཐོན་གྱི་ཡོད། 2015ལོ་ནས་བཟུང་ཀྲུང་གོའི་ནུས་གསར་རླངས་འཁོར་ཐོན་ཚོང་བྱེད་ཚད་ལོ་11བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ས་ཁུལ་ཁག་དང་ལས་རིགས་ཁག་གིས་ངེས་གནས་གནད་འཁེལ་འཚོལ་བ་དང་། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། དགེ་མཚན་ཆེ་རིགས་གང་ལེགས་འདོན་པ་བཅས་ཀྱི་ཐོག་ནས་རྒྱུ་ཆ་མཁོ་འདོན་དང་ལས་སྣོན་ཐོན་ལས་ཕན་ཚུན་སྦྲེལ་མཐུད་དང་། རང་སོ་སོའི་ལེགས་ཆ་འདོན་སྤེལ། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས”ཞེས་གསུངས་ཡོད།

    རིག་ནུས་ཅན་དུ་རིམ་སྤོར་བྱས་ཤིང་། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་སྔོན་ཐོན་རིམ་པའི་རིག་ནུས་བཟོ་གྲྭ་ཁྲི་1.3ལྷག་ཙམ་བསྐྲུན་ནས། གསར་དར་ཐོན་ལས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་60ལྷག་ཙམ་སྐྱེད་སྲིང་བྱས་ཡོད།

    ལྗང་མདོག་ཅན་དུ་ཕྱོགས་སྒྱུར་བྱས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་ངར་ལྕགས་དང་ཨར་འདམ་སོགས་ཐོན་རྫས་རྩིས་གཞིའི་ཕྱོགས་བསྡུས་ཟད་གྲོན་སྤྱིའི་ཆ་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད།

    མཉམ་འདྲེས་ཅན་གྱི་ཕྱོགས་སུ་བསྐྱོད་ཅིང་། “5G+བཟོ་ལས་དྲ་སྦྲེལ”འཛུགས་སྐྲུན་རྣམ་གྲངས་ཁྲི་2.7ལྷག་ཙམ་ཟིན་ནས་ཞབས་ཞུ་རྣམ་པའི་བཟོ་སྐྲུན་གསར་གཏོད་བྱེད་སྟངས་ཟམ་མི་ཆད་པར་ཐོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།