དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་མུའུ་ཁྲི་2400ཟིན་པའི“བྱང་གསུམ”གྱི་ལས་འགན་ལེགས་སྒྲུབ་བྱ་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-25

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི“བྱང་གསུམ”ལས་གྲྭའི་ཁྲོད་ཀྱི་ས་བབ་མཐོ་ཤོས་དང་། གནམ་གཤིས་གྲང་ཤོས། ཆར་ཆུ་ཉུང་ཤོས་བཅས་ཀྱི་གཙོ་གནད་ཞིང་ཆེན་ཞིག་རེད། ཟླ་11ཚེས་20ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་མཚོ་སྔོན་གྱིས“བྱང་གསུམ”ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་འགན་འགྲེམས་བསྒྲགས་བྱས་ཤིང་། གཙོ་བོ་ཚྭ་འདམ་གཤོང་ས་དང་གསེར་ཆེན་གཤོང་ས་སོགས་སྐྱེ་ཁམས་ས་ཁོངས་གཙོ་གནད་ལ་དམིགས་ཏེ། བྱེ་འགྱུར་ས་ཆའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་གཏོང་བ་དང་། མུའུ་ཁྲི་2400(མུའུ་རེ་ནི་སྤྱི་ཆིང་0.0667ཙམ་ཡིན་པ)ཟིན་པའི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་ཀྱིས་བྱེ་རླུང་གི་གནོད་འཚེ་བརྟན་པོའི་ངང་འགོག་རྩིས་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཞིང་ཆེན་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཀྲུང་དབྱང་གི་མ་འཇོག་འཛུགས་སྐྲུན་ལས་འགན་མུའུ་ཁྲི་5066.10ལེགས་སྒྲུབ་བྱས་པས། བྱེ་འགྱུར་ས་ཆ་དང་མྱ་ངམ་ཐང་གཉིས་ཀ་རྒྱུན་མཐུད་ཉུང་དུ་ཕྱིན་ནས་ནགས་ཚལ་དང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་60%ཡན་བརྟན་པོ་བྱུང་ཡོད། མཚོ་སྔོན་གྱིས་ལམ་སྲོལ་ལ་བརྟེན་ནས་ཐ་སྐྱོང་འགན་ལེན་བྱས་ཏེ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་མཉམ་འགུལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་པ་མ་ཟད། རྒྱལ་ཡོངས་ཀྱི་སྔོན་ལ་ལྷན་སྦྱར་མ་དངུལ་གྱི་རྒྱབ་སྐྱོར་སྲིད་ཇུས་ཀྱང་བཏོན་ཡོད། ཞིང་ཆེན་དེ་ཡོངས་ཀྱི་བྱེ་འགྱུར་ཁྱབ་ཚུལ་གྱི་ཁྱད་ཆོས་ལྟར་ཚྭ་འདམ་གཤོང་ས་དང་གསེར་ཆེན་གཤོང་སའི་གཅིག་སྡུད་འགག་སྒྲོལ་ཁུལ་2དང་། མཚོ་སྔོན་པོ་བསྐོར་བའི་སྐྱེ་ཁམས་མཐུན་སྦྱོར་སྐུལ་སྤེལ་ཁུལ་1དབྱེ་བའི་ཁར། བྱེ་རླུང་ལྡང་ཁུལ་གཙོ་བོ་12ལ་དམ་འཛིན་གྱིས་བཅོས་སྒྲིག་བྱས་ཡོད། ལས་གྲྭའི་རྣམ་གྲངས་ཚང་མར་འཚོ་རྟེན་ལས་སྤྲོད་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བས། རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་ཁྲི་4ལྷག་ཙམ་སྒོ་རྩར་ལས་གྲྭའི་འཛུགས་སྐྲུན་ལ་ཞུགས་པར་སྐུལ་ཁྲིད་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར་4ལྷག་ཙམ་བྱུང་བ་དང་། སྐྱེ་ཁམས་ནགས་སྲུང་བའི་ལས་གནས་ཁྲི་8ལྷག་ཙམ་ལེགས་སུ་བཏང་བས་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2བྱུང་ཡོད། དུས་མཚུངས་སུ་བྱེ་བཅོས་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་བྱེ་སྒང་དང་མྱ་ངམ་ཐང་དུ་མུའུ་ཁྲི་50ཙམ་ཟིན་པའི་འདྲེ་ཚེར་མ་སྐྱེ་འཚར་བྱུང་སྟེ། རྒྱལ་ཡོངས་ཀྱི་སྐྱེ་ལྡན་འདྲེ་ཚེར་མ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་པ་དང་། ལོའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་150ལས་བརྒལ་ཞིང་། བཏུལ་ཐང་ཉེ་འཁོར་གྱི་ཞིང་འབྲོག་པས་དམངས་སྲོལ་གནས་ཚང་དང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གཉེར་ནས་དུད་ཁྱིམ་མི་ཉུང་བ་ཞིག་ལ་ལོར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ལ་གཞིགས་ཏེ་མཚོ་སྔོན་གྱིས་སྤུས་འདེགས་དང་། ལས་དར། དམངས་ཕན་བཅས་གཞི་གཅིག་སྐུལ་འདེད་མཐའ་འཁྱོངས་བྱས་ནས་གསོ་སྐྱོང་དོ་དམ་དང་འཚོ་རྟེན་ལས་སྤྲོད་སོགས་ཀྱི་བྱེད་ཐབས་ཉིད་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། ཙོང་ཆུ་འབབ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒལ་བའི་མཉམ་འགོག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཀན་སུའུ་ཞིང་ཆེན་དང་མཐུན་སྦྱོར་མཉམ་འགུལ་ཟབ་ཏུ་གཏོང་བ། སྟོད་རྒྱུད་དང་སྨད་རྒྱུད་དུ་ས་ཆུ་ཤོར་བར་བཅོས་སྐྱོང་དང་། འདམ་ར་སླར་གསོ། སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་བཅས་ལ་གཞི་གཅིག་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་མུའུ་ཁྲི་100ཡན་བྱ་རྒྱུ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་མཉམ་འབྲེལ་སྐོར་ཞིབ་དང་། དུས་མཉམ་བཅོས་སྐྱོང་། ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་མཉམ་སྤྱོད་བཅས་བྱས་ཏེ། འབབ་རྒྱུད་ཀྱི་སྐྱེ་ཁམས་ཉེན་ཁར་མཉམ་དུ་དོ་དམ་ཚོད་འཛིན་གྱིས་ལན་ཀྲོའུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས་འཕེལ་རྒྱས་ཆེད་སྐྱེ་ཁམས་ཀྱི་མཐའ་ཚད་ཡག་པོ་སྲུང་རྒྱུ་རེད། བྱེ་སྣ་ནས་ཚ་རྔ་འགག་ཆུ་མཛོད་བར་གྱི་རྨ་ཆུའི་རྒྱུད་ལ་དམ་པོར་དམིགས་པ་དང་ཆོས་རྗེ་ཐང་དང་། བཏུལ་ཐང་། མུ་གེ་ཐང་། ཚ་རྔ་འགག་ཆུ་མཛོད་བཅས་ཡུག་ཁུལ་ཆེན་པོ་བཞིར་གཞིགས་ཤིང་། ལས་གྲྭ་བྱེ་འཇགས་དང་སྔོ་ཁེབས་སླར་གསོ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས“འགོག་བརྟན་སྒྲོག”གི་སྣ་འདུས་བྱེད་ཐབས་བརྒྱུད་མུའུ་ཁྲི་41བཅོས་སྐྱོང་བྱས་ཏེ། རྨ་ཆུའི་ནང་འཁྱེར་ཡོང་བའི་བྱེ་མ་ཆུ་ངོགས་ནས་འགོག་པ་དང་། དེ་བཞིན་འོད་ཤུགས་བྱེ་བཅོས་དང་ཁྱད་ལྡན་འདེབས་གསོ་སོགས་ཀྱི་ཐོན་ལས་དོན་འཁྱོལ་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྩིས་ཡོད་པ་རེད། གཞན་ཡང་ཚྭ་འདམ་གཤོང་སའི་བྱེ་རླུང་ཐོན་ཡུལ་གྱི་འགོག་རགས་གཙོ་བོ་བརྟན་དུ་གཏོང་རྒྱུར་དམིགས་ནས་ཝུའུ་ཐུའུ་མེ་རེན་དང་ཁུ་ནུ་རི་བོའི་བྱང་ངོས་སོགས་ཀྱི་འགག་རྩའི་བྱེ་རླུང་ཐོན་ཡུལ་ལ་དམ་པོར་དམིགས་ཏེ་འོད་ཤུགས་བྱེ་བཅོས་དང་། འཕྲུལ་ཆས་ཀྱི་བྱེ་བཅོས། ལམ་གྱི་བྱེ་བཅོས་སོགས་ཀྱི་བྱེད་སྟངས་ཁྱབ་གདལ་བཏང་ནས་བཅོས་སྐྱོང་མུའུ་ཁྲི་20ཐུབ་པར་བྱས་ཏེ། མཐོ་གྲང་བྱེ་ཁུལ་བཅོས་སྐྱོང་གི་རྣམ་པ་བཏོད་ནས་སྔོ་ལྗང་གི་ཡུལ་ལྗོངས་མུ་མཐུད་རྒྱ་ཆེར་གཏོང་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།