བཅོས་སྣུམ་སིལ་ཚོང་སྣུམ་སྣོན་ས་ཚིགས་ཀྱིས“སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ།
འཁོར་རིགས་ལ་སྣུམ་བླུག་ན་འགྱུར་ལྡོག་གསར་པ་གང་ཞིག་བྱུང་ཡོད་དམ།
ཟླ་11ཚེས་1ཉིན་ནས་བཟུང་རང་རྒྱལ་གྱིས་བཅོས་སྣུམ་སིལ་ཚོང་སྣུམ་སྣོན་ས་ཚིགས་སུ“སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། ཉེ་ཆར་གསར་འགོད་པས་སྣུམ་སྣོན་གཏན་འབེབས་གསར་པ་འདིས་འཛད་སྤྱོད་པར་སྟབས་བདེ་གང་དག་བསྐྲུན་ཡོད་པ་དང་། འཛད་སྤྱོད་པས་སྤ་སེ་ལེན་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་གང་དག་ཡོད་པ། སྣུམ་སྣོན་ས་ཚིགས་ཀྱི་གཉེར་སྐྱོང་ལ་ཕན་ཐོགས་གང་ཞིག་ཡོད་པ་བཅས་ཀྱི་ཐད་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།
“སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པ”ཞེས་པ་ནི་བཅོས་སྣུམ་སིལ་ཚོང་སྣུམ་སྣོན་ས་ཚིགས་ཀྱིས་སྣུམ་བླུགས་པའི་གྲངས་གཞི་གཞིར་བཟུང་། ཁྲལ་དོན་སྡེ་ཚན་གྱི་ལེ་ཆི་ལས་སྟེགས་བརྒྱུད་འཛད་སྤྱོད་པར་འཕྲལ་མར་གྲངས་འཛིན་ཅན་གྱི་གློག་རྡུལ་སྤ་སེ་སྤྲོད་པར་ཟེར་ཞིང་། འཛད་སྤྱོད་པས་དངུལ་སྤྲད་རྗེས་སྤ་སེ་རང་འགུལ་ངང་ལེན་རྒྱུ་ཡོད་པ་དེས་སྣུམ་བླུག་རིམ་བཞིན་ཆ་འཕྲིན་མཁོ་འདོན་བྱེད་དགོས་རིགས་དང་ཕྱིས་སུ་སྤ་སེ་གསབ་ལེན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
“སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པ”དེ་བཅོས་སྣུམ་སིལ་ཚོང་ཁྱབ་ཁོངས་ཀྱི་ཉོ་ཚོང་རྣམ་པ་མི་འདྲ་བར་ཁྱབ་ཅིང་། དེའི་ནང་སྣུམ་ཉོ་མཁན་གྱིས་ཕྱོགས་གསུམ་པའི་གཏོང་སྤྲོད་ལས་སྟེགས་དང་དྲ་སྦྲེལ་ལས་སྟེགས་སོགས་བརྒྱུད་སྣུམ་རིན་སྤྲད་པ་དང་དེ་བཞིན་སྣུམ་སྣོན་གཱ་དང་དངུལ་སྨར་སོགས་སྤྲད་པའང་ཚུད་ཡོད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བསྡུ་འདོམས་དང་ཚན་རྩལ་འཕེལ་རྒྱས་སིའི་འབྲེལ་ཡོད་འགན་འཁུར་བས། “སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པའི”བྱེད་སྟངས་ཁྱབ་གདལ་བཏང་ཚེ། སྣུམ་བླུག་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་སྟེ་སྣུམ་སྣོན་ས་ཚིགས་ནས་སྤ་སེ་མི་སྤྲོད་པ་དང་། སྤ་སེ་སྤྲོད་རྒྱུ་ལུས་པ། སྤ་སེ་སྤྲོད་ནོར་ཤོར་བ་བཅས་ཀྱི་བྱེད་སྤྱོད་གཏན་འགོག་ནུས་ལྡན་ཐུབ་ནས། བཅོས་སྣུམ་སིལ་ཚོང་གི་འཛད་སྤྱོད་ཚང་མར་གཞི་འཛིན་སའི་སྤ་སེ་ཡོད་པར་བྱ་རྒྱུ་རེད་ཅེས་བརྗོད།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལེའོ་ཡོན་གྲོང་ཁྱེར་ཁྲལ་དོན་ཅུས་བསྡུ་ལེན་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ལི་ལི་ནན་གྱིས། འཛད་སྤྱོད་པས“སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པ”རེ་ཞུ་བྱེད་སྐབས་དོ་སྣང་བྱེད་དགོས་པ་གཉིས་ཡོད་དེ།
གཅིག་ནས་སྤ་སེར་མཁོ་བའི་ཆ་འཕྲིན་གྲ་སྒྲིག་ཡག་པོ་བྱས་ནས་སྤ་སེ་མ་སྤྲད་གོང་གཞི་རྩའི་ཆ་འཕྲིན་ལ་ཞིབ་བསྡུར་བྱེད་དགོས་ཤིང་། མི་སྒེར་གྱིས་སྔོན་ལ་རང་ཉིད་ཀྱི་མིང་དང་ཐོབ་ཐང་ཆ་འཕྲིན་འབྲི་དགོས་པ་དང་། ཁེ་ལས་ཀྱིས་རྩིས་ཞུ་བྱེད་པར་ཚན་པའི་མིང་དང་ཁྲལ་ཨང་སོགས་གཞི་རྩའི་ཆ་འཕྲིན་ཆ་ཚང་པོ་འབྲི་དགོས་པ། སྣུམ་རིན་མ་སྤྲད་གོང་ཆ་འཕྲིན་ལ་ཞིབ་བསྡུར་བྱེད་པ་དང་སྣུམ་རིན་སྤྲད་ནས་སྤ་སེ་བླངས་རྗེས་གལ་ཏེ་སྤ་སེར་བཟོ་བཅོས་རྒྱག་དགོས་ཚེ་སྤ་སེ་བརྗེ་བའི་འགྲོ་ལུགས་གཉེར་ཆོག
གཉིས་ནས་དུས་ཐོག་ཏུ་སྤ་སེ་ལེན་དགོས་པ་དང་སྤ་སེར་ཞིབ་བཤེར་དང་ཡིག་ཚགས་ནང་ཡག་པོ་བླུགས་དགོས་ཤིང་། གྲངས་འཛིན་གློག་རྡུལ་གྱི་སྤ་སེ་རག་རྗེས་གང་མགྱོགས་ཕབ་ལེན་བྱེད་པ་དང་འབྲེལ་གྲབས་ཉར་བྱས་ཏེ་རྗེས་མཐུད་ཀྱི་འཚོལ་བཤེར་དང་ཕབ་ལེན་ལ་སྤྱོད་ཐུབ་པར་བྱེད་དགོས་པ་མ་ཟད། ད་དུང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤ་སེ་ཞིབ་བཤེར་ལས་སྟེགས་ནས་སྤ་སེའི་ཆ་འཕྲིན་ལ་ཞིབ་དཔྱད་ཀྱང་བྱེད་ཆོག
འཁོར་བདག་རྒན་རྒོན་ཁག་གཅིག་དང་གློག་རྡུལ་སྤ་སེ་ལེན་མི་ཤེས་པའི་ཚོགས་སྤྱིར་དམིགས་ཏེ་ཁྲལ་དོན་སྡེ་ཚན་གྱིས་དམངས་ཕན་བྱ་ཐབས་བཏོན་པ་སྟེ། སྣུམ་སྣོན་ས་ཚིགས་སུ་སྔར་བཞིན་མིས་ཞབས་ཞུ་སྒྲུབ་པའི་སྐར་ཁུང་ཡོད་ཅིང་། རྒན་རྒོན་གྱིས་ལག་ཐོགས་ཁ་པར་ནས་གློག་རྡུལ་སྤ་སེ་ལེན་མི་ཤེས་ན་ས་ཚིགས་ཀྱི་ལས་དོན་པས་འཚོལ་བཤེར་དང་། ཕབ་ལེན། པར་རྒྱག་བཅས་བྱེད་རོགས་བྱེད་ཀྱི་ཡོད། གལ་ཏེ་སྤ་སེ་སྤྲོད་རྒྱུ་ལུས་པ་དང་མ་ལག་ལ་སྐྱོན་ཤོར་བ་སོགས་ཀྱི་གནད་དོན་འཕྲད་ཚེ་སྣུམ་སྣོན་ས་ཚིགས་ལ་འབྲེལ་བ་བྱེད་པ་ཕུད། ད་དུང་12366ཁྲལ་འཇལ་ཞབས་ཞུའི་ཐད་སྦྲེལ་ཁ་པར་བརྒྱུད་བློ་འདྲི་ཡང་བྱེད་ཆོག
གཏན་འབེབས་གསར་པས་སྣུམ་སྣོན་ས་ཚིགས་གཉེར་སྐྱོང་ལ་ཕན་ཐོགས་གང་ཞིག་བྱུང་ཡོད་དམ།
བཅོས་སྣུམ་སིལ་ཚོང་ལས་རིགས་ཀྱི་འགྲུལ་རྒྱུན་གཅིག་སྡུད་ཆེ་བ་དང་། སྣུམ་བླུགས་མཁན་མང་བ། སྣུམ་བླུག་མཁན་གྱི་འཁོར་རྒྱུག་རང་བཞིན་ཆེ་བ་བཅས་ལས་ཤོག་བུའི་སྤ་སེ་སྤྲོད་པར་མི་ལ་བརྟེན་ནས་སྤྲོད་དགོས་རྐྱེན་ལས་ཕྱོད་དམའ་བ་དང་ནོར་འཁྲུལ་ཐོན་སླ་པོ་ཡོད། “སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པའི”རྣམ་པ་དེས་མ་ལག་དབར་གྱི་གྲངས་གཞིའི་བཀག་རྒྱ་གཏོར་ནས་སྤ་སེ་སྤྲོད་པའི་བརྒྱུད་རིམ་རང་འགུལ་ཅན་དང་རིག་ནུས་ཅན་མངོན་འགྱུར་བྱུང་བ་དང་། བརྒྱུད་རིམ་ཧྲིལ་པོར་མི་ཐབས་ལ་བརྟེན་ནས་ཆ་འཕྲིན་ཕབ་འཇུག་དང་ཆ་འཕྲིན་ཞིབ་དཔྱད་བྱེད་མི་དགོས་པས་སྣུམ་སྣོན་ས་ཚིགས་ཀྱི་ལས་མིའི་ལས་འབོར་ཉུང་དུ་ཕྱིན་ཡོད།
“སྣུམ་སྣོན་ས་ཚིགས་ཀྱི་ལས་མི་ཚོས། སྣུམ་ཐེངས་གཅིག་བླུགས་པར་སྣུམ་རིན་སྤྲད་པ་ནས་སྤ་སེ་ལེན་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོའི་དུས་ཡུན་སྒྱུར་བཀོད་མ་བྱས་གོང་གི་སྐར་མ་3ནས་5བར་ནས། ད་ལྟའི་སྐར་ཆ་5ཡི་ནང་ཚུན་བར་ཐུང་དུ་ཕྱིན་ཡོད་ཅེས་བཤད་ཅིང་། སྣུམ་རིན་སྤྲད་རྗེས་སྤ་སེ་རང་འགུལ་ངང་ལེན་རྒྱུ་ཡོད་པས། ཁ་ལོ་བ་ཚོ་ཡུན་རིང་སྒུག་དགོས་ཀྱི་མེད། དེས་མ་ཚད་ཁ་ལོ་བ་ཚོས་སྔོན་བཀོད་ཆ་འཕྲིན་བརྒྱུད‘ཆ་འཕྲིན་རྒྱོང་ཐེངས་གཅིག་གིས་ཡུན་རིང་བེད་སྤྱོད་ཐུབ’ནས་ཆ་འཕྲིན་ཡང་སེ་རྒྱོང་བའི་ཁུར་པོ་མངོན་གསལ་དོད་པོས་ཡང་དུ་ཕྱིན་ཡོད”ཅེས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཁྲང་ཁྲུན་གྲོང་ཁྱེར་ཧྲོང་དབྱང་ཆུས་ཁྲལ་དོན་ཅུས་བསྡུ་ལེན་དོ་དམ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཤེ་ཁྲང་ཁྲེང་གིས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། “སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པ”མངོན་འགྱུར་བྱུང་རྗེས་ནོར་དོན་རྩིས་བསྡུར་ལྷུ་ཚིགས་སུ་ཉོ་ཚོང་ལས་རིམ་དང་སྤ་སེ་སྤྲོད་པ་གཉིས་རང་འགུལ་ཞིབ་བསྡུར་ཐུབ་ནས། ནོར་དོན་པ་ཚོ་གཉེར་སྐྱོང་དབྱེ་ཞིབ་དང་དོ་དམ་ཐབས་ཇུས་རྒྱབ་སྐྱོར་གྱི་ལས་དོན་དེ་བས་མང་བ་སྒྲུབ་ཆོག་གི་ཡོད། “སྣུམ་རིན་སྤྲད་མ་ཐག་གློག་རྡུལ་སྤ་སེ་ལེན་རྒྱུ་ཡོད་པ”ལས་གྲུབ་པའི་ཉོ་ཚོང་གྲངས་གཞི་ཡོངས་ཀྱིས་སྣུམ་སྣོན་ས་ཚིགས་རང་ངོས་ཀྱི་གཉེར་སྐྱོང་དབྱེ་ཞིབ་ལ་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་མ་ཟད། སྣུམ་སྣོན་ས་ཚིགས་ཀྱི་གཉེར་སྐྱོང་བས་གྲུབ་ཆ་ཅན་གྱི་གཉེར་སྐྱོང་སྙན་ཞུའི་རེའུ་མིག་ལ་བརྟེན་ནས་དུས་མཚམས་མི་འདྲ་བ་དང་སྣ་ཁ་མི་འདྲ་བའི་སྣུམ་ཕྱིར་ཚོང་བྱས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། མཛོད་ཉར་བཀོད་སྒྲིག་དང་གཉེར་ཚོང་བྱེད་སྒོའི་ཇུས་འགོད་ཡག་པོ་བྱེད་རོགས་བྱེད་ཆོག་གི་ཡོད།
འབྲེལ་ཡོད་གསར་འགྱུར།