2026ལོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་འདེམས་བསྐོ་ཨུ་ལྷན་གྱི་རིགས་ཁོངས་ཚོགས་ཆུང་ཁག་བགོས་ཀྱི་སྤྱིར་བཏང་འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། ཚེས་22ཉིན་གྱི་དགོང་མོར། 2026ལོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་འདེམས་བསྐོ་ཨུ་ལྷན་གྱི་རིགས་ཁོངས་ཚོགས་ཆུང་ཁག་བགོས་ཀྱི་སྤྱིར་བཏང་འདེམས་བསྐོའི་འདེམས་ཤོག་འཕངས་འབྲས་ཁྱབ་བསྒྲགས་བྱས་ཤིང་། རིགས་ཁོངས་ཁག་བགོས་31ཁྲོད་འོས་མི་856འགྲན་རྩོད་ནང་ཞུགས་རྗེས་འདེམས་བསྐོ་ཨུ་ལྷན་གྱི་ཨུ་ཡོན་723ཚང་མ་བདེ་བླག་ངང་བདམས་ཐོན་བྱུང་བ་རེད།
འདེམས་བསྐོ་ཨུ་ལྷན་ནི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་ཟུར་བཀོད་ཡིག་ཆ་དང་པོ་དང་གཉིས་པ་གཞིར་བཟུང་། འདེམས་བསྐོ་ཨུ་ལྷན་གྱིས་སྲིད་འཛིན་དཔོན་བསྐོ་སྒུག་མི་སྣ་དང་། ཁྲིམས་བཟོ་ལྷན་ཚོགས་ཀྱི་དབྱི་ཡོན་གྲོས་མི་ཁག་གཅིག་འདེམས་བསྐོ་བྱེད་པ་དང་། དེ་བཞིན་སྲིད་འཛིན་དཔོན་གྱི་འོས་མི་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་དབྱི་ཡོན་གྲོས་མིའི་འོས་མིའི་མིང་འདོན་རྒྱུའི་འགན་འཁུར་གྱི་ཡོད་པ་རེད།
འདེམས་བསྐོ་བྱས་འབྲས་ཁྱབ་བསྒྲགས་བྱས་རྗེས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་ཡིས་གསལ་བསྒྲགས་སྤེལ་ནས། ད་ཐེངས་ཀྱི་འདེམས་བསྐོར་འགན་འཁྲི་འཁུར་ཕོད་པ་དང་། འཇོན་ཐང་ཡོད་པ། བྱས་རྗེས་འཇོག་ཕོད་པ་བཅས་ཀྱི་རྒྱལ་གཅེས་པའི་དབར་གྱི་འགྲན་རྩོད་བཟང་པོ་གང་ལེགས་མངོན་པ་མ་ཟད། “རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྩ་དོན་འོག་གི་དམངས་གཙོའི་འཕེལ་ཕྱོགས་བཟང་པོ་ཡང་མངོན་ཡོད། འདེམས་ཤོག་འཕེན་མཁན་ཚོས་འདེམས་ཤོག་ཧུར་ཐག་འཕངས་ཏེ། ལེགས་ཁྲོད་ལེགས་འདེམས་དང་བློ་ལ་བབས་པའི་འདེམས་བསྐོ་ཨུ་ལྷན་གྱི་ཨུ་ཡོན་བདམས་ནས། ཤང་ཀང་གི་འབྱུང་འགྱུར་གྱི་འཕེལ་རྒྱས་དང་སྒྱུར་བཅོས་གལ་ཆེན་ཁག་ལ་རམ་འདེགས་བྱས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན། དེའི་ནང་ཤང་ཀང་གི་ལོ་ལྔ་ཚན་དང་པོའི་འཆར་འགོད་དོན་འཁྱོལ་བྱས་པ་ཚུད་ཡོད། འདེམས་བསྐོ་ཨུ་ལྷན་གྱི་ཨུ་ཡོན་ཚང་མས“རྒྱལ་གཅེས་པས་ཤང་ཀང་སྐྱོང་བའི”རྩ་དོན་རྒྱུན་འཁྱོངས་བྱས་ནས་རང་འགན་གཙང་སྒྲུབ་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།