དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྒོ་བྱང་ཡིག་སྒྱུར་ཚད་ལྡན་བཟོས་ནས་གྲོང་ཁྱེར་གྱི་རྣམ་པ་མཛེས་སུ་བཏང་བ།

    ——ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་སྤྱི་ཚོགས་ཐ་སྙད་ཚད་ལྡན་ཅན་གྱི་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-25

    ཞོགས་པ་སྔ་པོར་ནོར་འཕེལ་གྱིས་རང་ཁྱིམ་ཚོང་ཁང་གི་རྒྱ་བོད་སྐད་རིགས་གཉིས་ཀྱི་སྒོ་བྱང་ལ་ལྟ་ཙམ་བྱས་རྗེས་ཚོང་ཁང་ནང་དུ་ཕྱིན་ནས་ཚོང་འདོན་པར་བྲེལ། ཁོང་གིས་ཁྲོམ་གཞུང་དེར་ཚོང་ཁང་བཙུགས་ནས་ལོ་བཅུ་ལྷག་ཙམ་འགྲོ་གི་ཡོད། “དེ་སྔ་ཚོང་ཁང་མི་ཉུང་བ་ཞིག་གི་སྒོ་བྱང་ཐོག་ཡིག་ནོར་དང་སྒྱུར་སྐྱོན་མང་པོ་ཐོན་པས་ཡག་པོ་གཏན་ནས་མི་འདུག ད་ཆ་ཚང་མ་ཚད་ལྡན་དུ་བཏང་བས་མིག་སྣང་འགྲོ་པོ་འདུག”ཅེས་ཁོང་གིས་བརྗོད།

    སྤྱི་ཚོགས་སྤྱོད་ཡིག་བཅོས་སྒྲིག་བྱས་པ་ལས་ཕན་འབྲས་བཟང་པོ་ཐོན་ཡོད། ཉེ་བའི་ལོ་ཤས་རིང་། འཕྱོངས་རྒྱས་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་བཅོས་སྒྲིག་གི་འགག་སྒོ་དེ་གནས་ཚུལ་ཐོན་རྗེས་ཡོ་བསྲང་བྱེད་པ་ནས་གནས་ཚུལ་མ་ཐོན་སྔོན་འགོག་བྱེད་པའི་བར་དང་། “གཅིག་སྡུད་གཙང་བཤེར”ནས“རྒྱུན་རྣམ་བརྟག་དཔྱད”བར་བསྒྱུར་ཡོད། མིག་སྔར། རྫོང་དེ་ཡོངས་ཀྱི་སྤྱི་ཚོགས་ཐ་སྙད་ལ་ཐོན་པའི་གནད་དོན་ལོ་རེ་བཞིན་ཉུང་དུ་འགྲོ་བ་དང་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་སྤྱིར་ན་མེད་པ་རེད།

    སྐྱོན་ཆེན་པོ་མེད་ན་སོར་འཇོག་བྱེད་པའི་གོམས་གཤིས་ངན་པར་འགྱུར་ལྡོག་བཏང་བ།

    སྤྱི་ཚོགས་ཐ་སྙད་ཚད་ལྡན་དུ་གཏོང་བར་ཐོག་མར་བསམ་བློའི་ངོས་འཛིན་བསྒྱུར་དགོས། སྔོན་ཆད་ཚོང་དུད་དང་ལས་དོན་པ་ཁག་གཅིག་གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཡིག་སྒྱུར་ཐད་སྐྱོན་ཆེན་པོ་མེད་ན་སོར་འཇོག་བྱེད་པའི་ལྷོད་གཡེང་གི་བསམ་བློ་འཛིན་པས། སྒྱུར་ནོར་དང་ཡིག་ནོར་ཡང་ཡང་ཐོན་གྱི་ཡོད།

    ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་རྫོང་གིས་ཚོགས་རིགས་དབྱེ་སྟེ་དྲིལ་བསྒྲགས་བྱས་ནས། ལས་ཁུངས་ལ་ཁྲིམས་སྲོལ་ཁྱབ་གདལ་གཏོང་བ་དང་། བརྡ་ཁྱབ་གཉེར་སྐྱོང་བྱེད་པོར་ཡིག་སྒྱུར་གྱི་ཚད་གཞི་འགྲེལ་བཤད་རྒྱག་པ། མང་ཚོགས་ལ་རྒྱུན་སྤྱོདཡི་གེའི་ཚད་གཞི་ཁྱབ་གདལ་གཏོང་བ་བཅས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་དྲིལ་བསྒྲགས་གཟའ་འཁོར་རིང་སྒོ་རྩར་སྲིད་ཇུས་དང་ཚད་གཞི་སྒྲོག་འགྲེལ་བྱས་པ་རེད།

    འཕྱོངས་རྒྱས་རྫོང་གྲོང་གི་བརྡ་ཁྱབ་ཚོང་ཁང་ཞིག་ཏུ་སྦྱིན་བདག་ཀྲང་ཞའོ་ཤུས་ཀྱིས་ཁ་པར་ནས་སྒོ་བྱང་ཞིག་བོད་ཡིག་ཏུ་སྒྱུར་ཐབས་ལ་ཞིབ་བསྡུར་བྱེད་བཞིན་འདུག ལོ་གཉིས་གསུམ་གྱི་སྔོན་ལ་ཡིན་ན། སྒོ་བྱང་གི་མིང་བོད་ཡིག་ལ་སྒྱུར་སྐབས་ཁོང་གིས་འོབ་ཚོད་ངང་བསྒྱུར་གྱི་ཡོད། དྲིལ་བསྒྲགས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས་ཁོང་གིས་རང་འགུལ་ངང་ཚད་ལྡན་སྒྱུར་ཐབས་སློབ་སྦྱོང་བྱས་པ་དང་རིམ་བཞིན་ཁོང་དུ་ཆུད་པ་མ་ཟད། ཡི་གེ་ཚད་ལྡན་ངང་སྤྱོད་པ་ནི་རང་འཁྲིའི་ལས་འགན་ཞིག་ཡིན་པའི་ངོས་འཛིན་ཡང་ཐུབ་ཡོད། ད་ལོ་ཚུན་དུ་ས་གནས་དེས་དྲིལ་བསྒྲགས་ཐེངས་6བྱས་པ་དང་། ཀློག་དེབ་350ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་500ལྷག་ཙམ་སྤྲད་ཅིང་། འདུ་ཤེས་བསྒྱུར་བ་ན་གཞི་ནས་རྗེས་མཐུད་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་ཐུབ།

    མ་བྱུང་སྔོན་འགོག་གིས་སྒོ་བྱང་མ་བཀལ་གོང་ཡིག་ནོར་བཅོས་པ།

    གནས་ཚུལ་ཐོན་རྗེས་དག་ཐེར་བྱེད་པ་ལས་མ་བྱུང་སྔོན་འགོག་བྱས་ན་ལེགས། བརྡ་ཁྱབ་ལས་རིགས་སུ་ཆེད་ལས་ཡིག་སྒྱུར་བྱེད་མཁན་དཀོན་པའི་དཀའ་གནད་ལ་དམིགས་ནས། འཕྱོངས་རྒྱས་རྫོང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་སྒྱུར་ཡིག་ཞིབ་དཔྱད་ཞབས་ཞུའི་སྐད་འཕྲིན་ཚོགས་པ་བཙུགས་པ་དང་། ཆེད་ལས་རྩོམ་སྒྱུར་མི་སྣས་དྲ་ཐོག་ནས་རིན་མི་དགོས་པར་ཡིག་སྒྱུར་དང་ཞུ་དག་གི་ཞབས་ཞུ་སྒྲུབ་ཀྱི་ཡོད།

    ཞབས་ཞུའི་སྐད་འཕྲིན་ཚོགས་པ་བཙུགས་ཚུན། རིམ་རྩིས་བརྒྱབ་ན་སྒོ་བྱང་གི་མིང་1200ལྷག་ཙམ་ཡིག་སྒྱུར་བྱས་པ་དང་ཞུ་དག་ཐེངས་120ལྷག་ཙམ་བཏང་ཡོད།

    ལྷག་པར་དུ་བཙན་པོའི་བང་སོ་རྒྱལ་ཁབ་ཀྱི་4Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གཏོད་པ་དང་། གྲོང་ཁྱེར་དོ་དམ་ལས་དོན་གྱི་འགྲོ་ལམ་སྒྱུར་བཀོད་སོགས་གཙོ་གནད་རྣམ་གྲངས་ཁྲོད་དུ་ཡིག་སྒྱུར་ཞུ་དག་དང་ཡི་གེར་ཞིབ་དཔྱད་ལས་དོན་དུས་གཅིག་ཏུ་སྤེལ་ནས“ཇུས་འགོད་བྱེད་ཀྱིན་ཡིག་སྒྱུར་དང་ཞིབ་དཔྱད”བྱས་པ་དང་། རིམ་རྩིས་བརྒྱབ་ན་མཚོན་རྟགས་དང་བྱང་བུ་160ལྷག་ཙམ་ལ་ཞིབ་དཔྱད་བྱས་ཏེ། “ལས་མཇུག་འགྲིལ་རྗེས་དག་ཐེར”ནས“ཚད་གཞི་མ་ལོན་ན་སྒོ་བྱང་མི་འགེལ་བའི”བར་འགྱུར་ལྡོག་བཏང་སྟེ་འབྱུང་རྩ་ནས་སྒོ་བྱང་ཐོག་ཡིག་ནོར་མི་ཐོན་པ་བྱས་ཡོད།

    རྒྱུན་རྣམ་བདག་སྐྱོང་གིས་ཆེད་དོན་བཅོས་སྒྲིག་དེ་རྒྱུན་གཏན་དུ་འགྱུར་བར་བྱས་པ།

    གནད་དོན་གསར་དུ་ཐོན་རྒྱུ་སྔོན་འགོག་བྱེད་པ་དང་དུས་མཚུངས་འཕྱོངས་རྒྱས་རྫོང་གིས་སྔོན་མའི་སྒོ་བྱང་གི་མངོན་མེད་རྐྱེན་ངན་མུ་མཐུད་གཙང་སེལ་བྱས་ཡོད། སྡེ་ཚན་མང་པོ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དང་། མཛེས་ལྗོངས་ཁུལ། ཚོང་ཁང་། ལས་ཁུངས་ཀྱི་སྒོ་བྱང་། གློག་རྡུལ་བརྙན་ཤེལ་སོགས་ཁག་1350ལྷག་ཙམ་གྱི་ཡི་གེར་མཉམ་དུ་གྲལ་བཤེར་བྱས་པ་དང་། སྒྱུར་ནོར་དང་ཡིག་ནོར་སོགས་ཀྱི་གནད་དོན་ཁག་46གྲལ་བཤེར་དང་དག་ཐེར་བྱས་ལ། ས་གནས་ས་ཐོག་ཏུ་བཅོས་སྒྲིག་དང་དག་ཐེར་བརྡ་ཡིག་བཏང་ནས་ཐོ་སུབ་དོ་དམ་བྱས་པར་དག་ཐེར་བྱེད་ཚད་98%ཟིན་ཡོད།

    ས་གནས་དེས་བོད་སྐད་ཡིག་གི་སྤྱི་ཚོགས་ཐ་སྙད་ཀྱི་འོས་འགན་ལྟ་སྐུལ་པའི་དཔུང་ཁག་བཙུགས་ཤིང་། སྒྱུར་ནོར་ཤོར་བ་དང་ཡིག་ནོར་ཐོན་པའི་སྒོ་བྱང་པར་བརྒྱབ་སྟེ་གོང་ཞུ་བྱས་ནས་འཕྲལ་དུ་བཅོས་སྒྲིག་བྱས་པ་དང་ཆབས་ཅིག“གྲལ་བཤེར་དང་། དག་ཐེར། བསྐྱར་ཞིབ། བརྟན་གཏོང”བཅས་ཀྱི་གདུབ་ཟུམ་ལམ་སྲོལ་བཙུགས་ཏེ་དུས་བཀག་ལྟར་དག་ཐེར་བྱས་འབྲས་ལ་ཞིབ་བཤེར་བྱེད་པ་དང་། མང་ཚོགས་ཀྱིས་སྙན་སེང་ཞུ་བའི་སྤྱི་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཤར་གཏོང་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཚན་གྱིས་གཞོགས་འདེགས། སྤྱི་དམངས་ཞུགས་པ་བཅས་ཀྱི་བཅོས་སྐྱོང་རྣམ་པ་ཞིག་ཆགས་པར་བྱས་ཡོད།

    སྒོ་བྱང་ནི་གྲོང་ཁྱེར་གྱི་གཟུགས་བརྙན་དང་འབྲེལ་བ་ཡོད་ལ་མང་ཚོཌ་ཀྱི་མྱོང་བ་དང་ཡང་འབྲེལ་བ་ཡོད། འཕྱོངས་རྒྱས་རྫོང་གིས་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་ཕུགས་ཕན་ལྟ་འདོམས་མཐའ་འཁྱོངས་བྱས་ཏེ་བོད་རྒྱ་སྐད་ཡིག་གཉིས་ཚད་ལྡན་ངང་སྤྱོད་རྒྱུ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུན་རྣམ་དུ་འགྱུར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།