རི་སྔོན་ཆུ་དྭངས་ཁྲོད་དུ་བདེ་སྐྱིད་ལྡན་པའི་རྣམ་པ་རབ་ཏུ་མངོན།
——བོད་ལྗོངས་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་པའི་སྐོར་བཀོད་པ།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་ཀྱིས“དོན་ཆེན་བཞིར”དམིགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་མཐའ་གཅིག་ཏུ་བརྟན་དུ་བཏང་བ་དང་། “མཚོ་བོད་ས་མཐོ་འདི་ཉིད་རྒྱལ་ཡོངས་ཙམ་མ་ཟད་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཞིག་ཏུ་གཏོད་རྒྱུའི”ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་དམིགས་ནས། རྒྱུན་མཐུད་ཤུགས་འདོན་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་། སྦགས་བཙོག་དང་ཐཱན་ཉུང་གཏོང་། ལྗང་མདོག་ཕྱོགས་སྒྱུར། སྐྱེ་ཁམས་དམངས་ཕྱུག་བཅས་ཀྱི་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་ཡོད།
གྲངས་གཞིས་ཕན་འབྲས་ཀྱི་དཔང་པོ་བྱས་ཤིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་ཕན་འབྲས་ལ་དཔྱད་དཔོག་བྱས་འབྲས་ལས་མངོན་པར། འཛུགས་གཏོད་དམིགས་ཚད་ཁག་38ཁྲོད་ནས་ཁག་21རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའམ་ཡང་ན་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། དེའི་ནང་ནས་ཁག་9རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་ས་མཐོའི་ཕྱོགས་གང་ས་ནས་མངོན་པ།
བོད་ཀྱི་རྒྱལ་ཁབ་རིམ་པའི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འབའ་ཞིག་ཡིན་པའི་ལྷོ་ཁ་གྲོང་ཁྱེར་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས“བྱེ་མའི་ཡོང་ཁུངས་བཀག་འགོག་དང་། བྱེ་མ་འཇགས་པར་བྱེད་པ། སྔོ་ཁེབས་ཁྱབ་རྒྱ་ཆེ་རུ་གཏོང་བ”བཅས་ཀྱི་ལུང་གཞུང་གི་བྱེ་འགོག་བྱེ་བཅོས་ལག་རྩལ་མ་ལག་འཚོལ་ཞིབ་བྱས་ཏེ། རྩྭ་དང་། ལྕུག་ཕྲན། ཉི་ལུང་སོགས་ལས་གྲུབ་པའི་རླུང་འགོག་བྱེ་འཇགས་ཀྱི་བྱེད་ཐབས་ཚོད་ལྟ་དང་དཔེ་སྟོན་བྱས་ཏེ། ཚན་རིག་དང་མཐུན་པའི་སྔོ་འགྱུར་དང་བརྒྱུད་རིམ་ཅན་གྱི་བྱེ་འགོག་བྱེ་བཅོས་ལ་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་ཡོད།
བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྩྭ་ཐང་ཞན་འགྱུར་སླར་གསོ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱུགས་འཚོ་བ་སོགས་ཀྱི་བྱ་ཐབས་སྤྱད་པས་ས་མཐོའི་རྩྭ་རར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དེ་བས་ནུས་ལྡན་ཐུབ་ཡོད། ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་ཕྱི་རོལ་ཚན་རིག་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་ས་ཚིགས་ཀྱིས་རྒྱུན་མཐུད་དང་། ཆ་ཚང་བ། རྩ་ཆེ་བ་བཅས་ཀྱི་ལྟ་དཔྱད་ཚད་འཇལ་གྱི་གྲངས་གཞིས་ས་གོ་ལའི་གླིང་སྣེ་གསུམ་པ་སྲུང་སྐྱོང་བྱེད་པར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་ཡོད།
བོད་ཀྱི་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་ཐད་གོམ་སྟབས་བརྟན་པོ་སྤོས་ཤིང་། 2021ལོ་ནས་2025ལོའི་བར་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་གཙོ་གནད་ལས་གྲྭའི་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་720.67བྱས་པ་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་3035.36སླར་གསོ་བྱས་ཡོད། 2021ལོ་ནས་2023ལོའི་བར་བྱེ་འགྱུར་ས་ཆ་མུའུ་ཁྲི་250.32བཅོས་སྐྱོང་བྱས་པ་དང་ས་ཆུ་ཤོར་བའི་བཅོས་སྐྱོང་རྒྱ་ཁྱོན་ལ་སྟོང་སྨི་ངོས་གྲུ་1545.33ཟིན་ཡོད།
ད་ཆ། ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ལྷག་ཙམ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་བཅུག་ཡོད། ནགས་ཚལ་ཁྱབ་ཚད་12.54%བར་མཐོ་རུ་ཕྱིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་48.07%ཟིན་པ། ས་ཆུ་སྲུང་འཛིན་ཐུབ་ཚད་92%ཟིན་པ། འདམ་རའི་རྒྱ་ཁྱོན་སྤྱིར་ན་བརྟན་པོ་ཡོད་པ། གཙང་པོ་དང་མཚོ་གཙང་མ་ཡིན་ཚད་100%ཟིན་ཡོད།
ལྗང་མདོག་གི་སྒུལ་ནུས་གཅིག་སྡུད་རྒྱུན་ཆད་མེད་པར་བྱས་པས་འཕེལ་རྒྱས་ཀྱི་རྨང་གཞི་དེ་བས་མངོན་གསལ་དོད་དུ་ཕྱིན་པ།
ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་རང་སྤུས་ལ་གཞི་ཚུགས་ཏེ་བོད་ཀྱིས་སྣ་མང་ལྗང་མདོག་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་བར་སྐུལ་འདེད་རྒྱུན་མཐུད་བཏང་ཡོད།
མི་རིང་བའི་གོང་། མངའ་རིས་ས་ཁུལ་སྒར་རྫོང་དུ་གནས་པའི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་གློག་དྲ་སྦྲེལ་མཐུད་ཀྱི་འོད་དྲོད་གློག་ཁང་སྟེ། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཁང་གི“ཐཱན་མེད”འོད་དྲོད་གསོག་གློག་གི་དཔེ་སྟོན་རྣམ་གྲངས་ཀྱི་འཕྲུལ་ཙུའུ་དང་པོའི་གློག་དྲ་སྦྲེལ་མཐུད་ཐུབ་ནས་གློག་བཏང་ཡོད། ཡུག་གཅིག་ཏུ་གྲལ་འགྲིག་པོར་ཡོད་པའི་ཉི་འོད་ཤེལ་ལེབ་ལ་ཉི་འོད་འཕྲོ་བའི་རྣམ་པ་ཧ་ཅང་བརྗིད་ཆགས་པ་ཞིག་ཡོད།
“རྣམ་གྲངས་དེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.7ཙམ་ཟིན་རྒྱུ་དང་ལོ་ལྟར་དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་16.82ཙམ་ཉུང་དུ་འགྲོ་རྒྱུ་རེད”ཅེས་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ནུས་རྒྱུ་གསར་པ་བོད་ལྗོངས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་དབྱི་ཅིན་དབྱིན་གྱིས་ངོ་སྤྲོད་བྱས།
ལེ་དབར་སྟོང་གི་སར་གནས་པའི་བོད་ཤར་ཆབ་མདོའི་གཡུ་ཆུ་རྒྱུག་ཁུལ་དུ་གནས་པའི་ཏ་ཐང་དགྲ་ལྷ་ཆུ་ཤུགས་གློག་ཁང་གོ་རིམ་ལྡན་པའི་ངང་སྐྲུན་བཞིན་ཡོད། བོད་ཤར་ལྷོའི(གཡུ་ཆུ་དང་རྫ་ཡུལ)ཆུ་རླུང་འོད་གསུམ་གཞི་གཅིག་ཅན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གཙོ་གནད་གློག་ཁུངས་རྣམ་གྲངས་ཀྱི“མ་དཔེའི་དཔེ་སྟོན”ཞིག་ཡིན་པའི་ངོས་ནས། རྣམ་གྲངས་དེས་བོད་ཤར་ལྷོའི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་དུས་མཚུངས་འཕེལ་རྒྱས་ཀྱི་ཁེ་སྤོགས་ཀྱིས་ལམ་རྒྱུད་ཀྱི་མང་ཚོགས་ལ་ཕན་པ་ཐོབ་ཡོད།
ད་ཆའི་བོད་དུ“ལྗང་མདོག”རྨང་གཞིར་བྱས་པའི་ཐོན་ལས་འཕོ་འགྱུར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད།
—— ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་བཟང་བ་དང་ལྗང་མདོག་སྒུལ་ནུས་འདོན་སྤེལ་རྒྱུན་མཐུད་ཐུབ་ཅིང་། མིག་སྔར། ལྗོངས་ཡོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་4000ལྷག་ཙམ་ཟིན་པ་དང་ནུས་རྒྱུ་གཙང་མའི་གློག་འདོན་ཚད་ཀྱིས་100%ལ་ཉེ་བ་ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
—— སྐྱེ་ཁམས་ཀྱི་མཐུན་རྐྱེན་ལས་ལེགས་ཆའི་ཐོན་ལས་དར་རྒྱས་བྱུང་ཞིང་། ལྗང་མདོག་སྐྱེ་ལྡན“བོད་ལྗོངས་མིང་ཅན”གྱི་ཞིང་འབྲོག་ཐོན་རྫས་ཀྱི་གསེར་བྱང་ལྟ་བུར་གྱུར་ཡོད། ལྗང་མདོག་བཟའ་བཅའ་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས། རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་ཞིང་ཟོག་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་པ་དང་། “བོད་ཀྱི་ནས”དང“བོད་ཀྱི་ཁུ་ལུ”སོགས་ཞིང་ལས་ཐོན་རྫས་ལས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཀྱི་ནུས་འབྲས་རྒྱུན་མཐུད་ཐོན་ནས། བོད་ཀྱི་སྐྱེ་ཁམས་ཀྱི“ལྗང་མདོག་འདུས་ཚད”རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་རིན་ཐང་ངོ་མར་འགྱུར་བཞིན་ཡོད།
—— རིག་གནས་དང་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཞིང་། ཐུན་མོང་མ་ཡིན་པའི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་བོད་ཀྱི་ཡུལ་སྐོར་དེ་མཛེས་ལྗོངས་ཁུལ་ཁོ་ནར་ལྟ་སྐོར་བྱེད་པ་ནས་ལམ་རྒྱུད་ཧྲིལ་པོར་ཉམས་ལེན་བྱེད་པའི་བར་འཕེལ་རྒྱས་ཕྱིན་ཡོད། ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་སྲོལ་རྒྱུན་གྱི་མཛེས་ལྗོངས་ཁུལ་སྔར་བཞིན་བཀྲག་མདངས་འཚེར་སར་གྱུར་པ་དང་། ཡུལ་པདྨ་བཀོད་དུ་གྲགས་པའི་མེ་ཏོག་སོགས་ཡུལ་སྐོར་གྱི་ཐོན་ཁུངས་མང་པོ་རིམ་བཞིན་སྔོག་འདོན་ཐུབ་ཡོད།
སྐྱེ་ཁམས་ཀྱི་ཁེ་སྤོགས་ལས་དམངས་འཚོར་ཕན་པ་ཐོབ་ནས་གངས་ལྗོངས་ས་མཐོ་དེ་བས་འཚོ་སྡོད་ལ་འཚམ་པར་གྱུར་པ།
ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་དུ་སྐྱོད་སྐབས། རི་རླུང་སྔོ་ལྗང་གིས་བརྒྱན་པ་དང་རི་རྩེར་སྨུག་པས་ཡོངས་སུ་བཀླུབས་ཤིང་། རི་འདབས་སུ་བོད་བཟོའི་སྡོད་ཁང་རིམ་པ་སྟར་ཆགས་སུ་སྐྲུན་ཡོད་པ་དང་ཕྱོགས་གང་ས་ནས་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས།
ད་ལོ་ལོ་51ལ་སླེབས་པའི་ཀརྨ་ཚེ་རིང་ནི་ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་གྱི་སྐྱེ་ཁམས་ནགས་སྲུང་བ་ཞིག་ཡིན་པ་དང་ཉིན་ལྟར་ནགས་རིར་སྐོར་གཡེང་བྱེད་པ་ཕུད། ད་དུང་ཉེ་འཁོར་གྱི་གྲོང་མི་དང་ཡུལ་སྐོར་བར་ནགས་ཚལ་མེ་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་པར་འགྲོ་གི་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་བཏང་བས། རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་པའི་ཁྲོད་ནས་མང་ཚོགས་དེ་བས་མང་བར་འབབ་འཕར་བརྟན་པོ་བྱུང་བ་དང་ཁེ་སྤོགས་མཉམ་སྤྱོད་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་ལོ་རེར་ཆ་སྙོམས་ཞིང་འབྲོག་པར་སྐྱེ་ཁམས་ལས་གནས་ཁྲི་44ལྷག་ཙམ་མཁོ་འདོན་བྱས་པ་དང་། རིམ་རྩིས་བརྒྱབ་ན་རྩྭ་རའི་ཁ་གསབ་སྒོར་དུང་ཕྱུར་136.8དང་ནགས་ཚལ་གྱི་ཁ་གསབ་སྒོར་དུང་ཕྱུར་51.47སྤྲད་ཡོད་པ་རེད།
སྐྱེ་ཁམས་སྲུང་སྐྱོང་གི་ཁེ་སྤོགས་མང་ཚོགས་ཀྱི་དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ཏུ་གྱུར་པ་མ་ཟད། ཁེ་སྤོགས་དེ་ལས་གྲོང་ཁྱེར་དང་གྲོང་གསེབ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་མངོན་བཞིན་ཡོད།
སྐྱེ་ཁམས་ཀྱི་འགྱུར་ལྡོག་ལས་དེ་བས་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ཅིག་བྱུང་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2026ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་འཛེར་སྒྲའི་ཁོར་ཡུག་གི་ནུས་པའི་ཁུལ་མཚན་མོ་ཚད་གཞི་ལོན་ཚད་90%ཡན་ཟིན་ཡོད། གཙང་པོ་དང་མཚོ་གཙོ་བོ་Ⅲརིགས་དང་དེ་ཡན་གྱི་ཆུ་སྤུས་ཀྱི་བསྡུར་ཚད་དང་རྫོང་རིམ་པ་དང་དེ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཚད་གཞི་ལོན་ཚད་100%ཟིན་པ། ལྗོངས་ཡོངས་ཀྱི་ས་རྒྱུའི་ཁོར་ཡུག་སྤྱི་ཡོངས་བདེ་འཇགས་བརྟན་ལྷིང་ཡོད་ཅིང་། བོད་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
དེང་གི་བོད་ལ་ལྟ་སྐབས། རི་སྔོན་རྟག་ཏུ་གནས་པ་དང་། དྭངས་གཙང་ཆུ་མོ་རྟག་ཏུ་རྒྱུག་པ། མཁའ་རླུང་རྟག་ཏུ་གཙང་མ་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར། གངས་ལྗོངས་ས་མཐོས་སྐྱེ་ཁམས་སྲུང་བཅད་བརྟན་དུ་རྒྱུན་མཐུད་གཏོང་བ་དང་། ལྗང་མདོག་ནུས་པ་འདོན་སྤེལ་བྱེད་པ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་བོད་ཀྱི་རྣམ་པ་གསར་པས་མི་རྣམས་དེ་བས་དགའ་བདེའི་དཔལ་ལ་རོལ་དུ་འཇུག་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།