དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཁར་རྩེ་ཤང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིང་འབྲོག་མང་ཚོཌ་ཀྱི་སེམས་ལ་ཟུག་པར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-25

    ཉེ་ཆར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་བྱེད་སྒོ་ཞིག་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་མཁར་རྩེ་ཤང་དུ་སྤེལ་ཞིང་། མཁར་རྩེ་ཤང་གི་ལས་ཁུངས་ཀྱི་ལས་བྱེད་པ་དང་། གྲོང་ཚོ་ཁག་གི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁོངས་མི། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། ཞིང་འབྲོག་མང་ཚོགས་བཅས་མཉམ་དུ་འཛོམས་ནས་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་མཁར་རྩེ་ཤང་དུ་དོན་ཐོག་ཏུ་འཁྱོལ་བར་བྱ་རྒྱུ་དེ་མིག་མཐོང་ལག་ཟིན་གྱི་ལས་འགན་ཞིག་ཡིན་པ་སྟེ། ཀྲི་པུའུ་སྟོབས་ཆེར་གཏོང་བ་དང་། འགལ་བ་སེལ་བ། ཁོར་ཡུག་མཛེས་སུ་གཏོང་བ། ཐོན་ལས་བརྟན་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་དེ་རེད།

    མཁར་རྩེ་ཤང་གི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་ལས་འགན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤེལ་རེས་ཁྲོད་ནས་ཁ་ཕྱོགས་གནད་ལ་འཁེལ་པོས་འཚོལ་བ་དང་བསམ་གཞིག་ཁྲོད་ནས་ཐབས་ལམ་འཚོལ་ཞིབ་བྱེད་ཀྱི་ཡོད་པ་རེད།

    “ངས་སྔོན་ལ་ཚོགས་འདུའི་དགོངས་དོན་ཁོང་དུ་ཆུད་པར་བྱ་རྒྱུ་ཡིན། དེ་ནས་ཡུལ་མི་ཚོར་ཤོད་ཀྱི་ཡིན”ཞེས་མཁར་རྩེ་ཤང་ཁང་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དངོས་གྲུབ་ནོར་བུས་དེ་ལྟར་ཤོད་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོཌ་ཀྱི《ཆོད་དོན》གྱི་ཡིག་འབྲུ་རེ་རེ་དང་ཚིག་འབྲུ་རེ་རེ་བཞིན་ཞིབ་པར་ཀློག་པ་དང་སྦྲགས། ཚང་འཛོམས་གྲོས་ཚོཌ་ཀྱི་དགོངས་དོན་དང་ཟུང་འབྲེལ་བྱས་ནས་དེ་རྗེས་ཀྱི་ལས་དོན་ལ་འཆར་གཞི་འགོད་བཞིན་འདུག

    ཁོང་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁྲིད་དེ་ཞིང་དུད་ཀྱི་སྒོ་འགྲམ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་ནས་མང་ཚོགས་ཀྱི་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་སྲིད་ཇུས་འགྲེལ་བཤད་རྒྱག་རྩིས་ཡོད་པ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་གྲོང་གསེབ་བཅོས་སྐྱོང་དང་གྲོང་གསེབ་དར་རྒྱས་ཀྱི་བྱ་བ་དངོས་རེ་རེ་བཞིན་ཡག་པོ་བསྒྲུབས་ནས“ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྲོང་ཚོའི་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་ཏུ་འགྱུར་བ”བྱེད་རྩིས་ཡོད་པ་རེད།

    གཙང་གཞུང་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་ཝུའུ་ལིང་གིས་ཉིན་དེ་དག་རིང་ཉིན་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་ཞིང་ནང་དང་མུ་ཁར་འགྲོ་བཞིན་ཡོད་ཅིང་། “ཚང་འཛོམས་གྲོས་ཚོགས་ཐོག་དམངས་འཚོ་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་དེ་ནི་གྲོང་སྡོད་ལས་དོན་གྱི་གཙོ་གནད་ཅིག་རེད”ཅེས་ཁོང་གིས་ཤོད་ཀྱི་ཡོད། དུས་རྒྱུན་ཝུའུ་ལིང་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་གཞན་དག་གིས་མཉམ་དུ་གནས་ཚུལ་མཐིལ་རྟོགས་དང་། གྲོང་ཚོ་རིམ་པའི་ཏང་འཛུགས་སྐྱོང་གི་ལས་དོན་ལ་རྗེས་སྙེག འགལ་བ་འདུམ་འགྲིག་བྱེད་པའི་ནང་ཞུགས་པ་སོགས་བྱས་ནས་མང་ཚོགས་ཀྱི་རེ་ཞུ་རེ་རེ་བཞིན་ཟིན་བྲིས་སུ་བཏབ་པ་དང་བྱ་སྤྱོད་དུ་དོན་འཁྱོལ་བྱེད་ཀྱི་ཡོད། “ངས་མུ་མཐུད་འཐབ་ས་དང་པོར་བསྐྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་གྲོང་སྡོད་ཀྱི་བྱ་སྤྱོད་དུ་བསྒྱུར་ནས་སེམས་ནུས་ཡོད་རྒུས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་གི་ཡིན”ཞེས་ཝུའུ་ལིང་གིས་བློ་རྩ་བརྟན་པོས་བཤད།

    གཙང་གཞུང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་པ་སྤེན་པ་མཚམས་གཅོད་ཀྱིས་རྒྱུན་དུ་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་། ཐོན་ལས་འཕེལ་རྒྱས། དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་ལས་དོན་གྱི་འགན་འཁུར་གྱི་ཡོད། མ་གཞི་ལས་ཀ་ཙག་ཙིག་ཤ་སྟག་ཡིན་མོད། འོན་ཀྱང་དགོས་གལ་ཆེན་པོ་ཡོད། “ངས་ལས་དོན་ཚང་མ་ཞིབ་ཚགས་དང་ཏན་ཏིག་བསྒྲུབས་ཏེ་གཞི་ཁྱོན་ཅན་གྱི་དབུལ་ལོག་གི་གནས་ཚུལ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་གི་ཡིན་ལ། དམངས་ཕན་ཁེ་འབབ་མང་ཚོགས་ཀྱིས་ཐད་ཀར་ལོངས་སུ་སྤྱོད་ཐུབ་པར་སྐུལ་འདེད་བཏང་ནས་སློབ་སྦྱོང་གི་ཕན་འབྲས་དེ་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད།

    “ལོ་དེ་དག་ནང་གྲོང་ཚོའི་འགྱུར་ལྡོག་ང་ཚོས་མིག་མཐོང་ལག་ཟིན་བྱུང་། གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གིས་ལས་ཀ་ཏན་ཏན་ཏིག་ཏིག་བྱེད་པ་མ་ཟད། རྒྱུན་དུ་ནང་ལ་ཡོང་ནས་བཅར་འདྲི་བྱེད་པ་དང་། ཁྱིམ་ཚང་སུ་ལ་དཀའ་ངལ་ཡོད་པ་དང་ཁྱིམ་མཚེས་སུ་དང་སུའི་དབར་ལ་རྩོད་གཞི་ཡོད་ཚེ། ཁོང་ཚོས་དུས་ཐོག་ཏུ་ཡོང་གི་ཡོད་པས། ང་ཚོ་ཚང་མས་ཚན་ཁག་དང་མཉམ་དུ་ལས་ཀ་ཡག་པོ་བྱེད་འདོད་ཡོད”ཅེས་ཤང་གི་ལས་བྱེད་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་སྐོར་གླེང་སྐབས་མཁར་རྩེ་ཤང་གི་མང་ཚོགས་ཕུར་བུས་བསྟོད་པའི་མཐེ་བོང་བསྒྲེངས་ནས་དེ་ལྟར་བཤད།

    ཀྲི་པུའི་མཁར་རྫོང་སྟོབས་ཆེར་གཏོང་བ་ནས་གྲོང་གསེབ་ཀྱི་དུས་བདེ་སྲུང་བའི་བར་དང་། མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་ནས་གྲོང་གསེབ་ཀྱི་ཐོན་ལས་སྟོབས་ཆེར་གཏོང་བའི་བར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་ལ་འབད་འཐབ་ཀྱི་དུང་བརྡ་ཡང་ཡིན་པས། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་བྱ་བ་དངོས་ཏན་ཏན་ཏིག་ཏིག་སྒྲུབ་པ་དང་ལྷག་བསམ་ཟོལ་མེད་ངང་བྱ་བ་བཟང་པོ་སྒྲུབ་པ་དང་། མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕ་ཡུལ་དེ་བས་ཕྱུག་པ་དང་། དེ་བས་མཛེས་པ། དེ་བས་ལེགས་པ་བཅས་སུ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་དང་ལྕག་སྐུལ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།