དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་བ་གྲོང་གསར་གྱི་འགྱུར་ལྡོག་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-25

    ལན་ཆིའུ་སྤོ་ལོའི་ཐང་ཆེན་དུ་སྤོ་ལོ་ས་ལ་བརྡབས་པའི་སྒྲ་གྲགས་ཤིང་། ཕྲུ་གུ་ཚོ་ལན་ཆིའུ་སྤོ་ལོ་རྒྱག་པའི་སྤྲོ་སྣང་ལ་རོལ་བཞིན་ཁོང་ཚོའི་སྐྱིད་པའི་དགོད་སྒྲས་རི་གྲོང་འདིར་གསོན་ཤུགས་སྦྱིན།

    འདི་ཁུལ་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ལྷོ་བ་གྲོང་གསར་ཡིན། ལོ་ལྔའི་གོང་། དུད་ཚང་98ཀྱི་འབྲོག་པ་368ས་བབ་མཐོ་བའི་ཤང་དང་གྲོང་རྡལ་6ནས་ས་བབ་སྨི་2735ཡོད་པའི་ལུང་ཤུར་འདིར་སྤོས། ཁོང་ཚོ་ནི་རྩ་སྤོས་བརྒྱབ་པའི་ས་མཐོའི་སྐལ་བཟང་མེ་ཏོག་ཞིག་དང་འདྲ་བར་ཞིང་ས་གསར་པ་འདིར་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་འགོ་ཚུགས།

    ལོ་5ཡི་རིང་གྲོང་ཚོའི་མི་འབོར་398བར་མང་དུ་ཕྱིན་ཡོད། བོད་བཟོའི་སྡོད་ཁང་གི་སྒོ་འགྲམ་དུ་འཇིབ་ཆུང་རླངས་འཁོར་དང་ཟོག་འདྲེན་རླངས་འཁོར་ཆེ་གྲས་གྲལ་སྟར་འགྲིག་པོར་བཞག་ཡོད་པ་དེ་ཐོག་ནས་འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་བ་མངོན་ལ། འཚོ་བ་གསར་པའི་ཕྱོགས་སུ་སྙེགས་པའི་ངར་ཤུགས་ཀྱང་མངོན་གྱི་ཡོད།

    ཡུལ་ལུང་གསར་པར་མི་སེམས་ཆགས་ཐུབ་པར་བྱས་པ།

    ཡུལ་གཞན་དུ་གནས་སྤོ་སྐབས་དཀའ་ངལ་ཆེ་ཤོས་ནི་མི་སེམས་ཆགས་ཐུབ་པར་བྱ་རྒྱུ་དེ་རེད།

    གྲོང་ཚོའི་ལས་བྱེད་པ་ལྷག་པས་དུད་ཚང་དུ་བསྐྱོད་དེ་སྐུལ་སློང་བྱེད་པའི་མཚན་མོ་དེ་དག་དུས་ད་ལྟའང་ཡིད་ལ་ལྷང་ལྷང་དུ་དྲན་གྱི་ཡོད་ཅིང་། མི་རབས་ནས་མི་རབས་བར་རི་མཐོའི་རྩྭ་ཐང་དུ་ཕྱུགས་འཚོ་བ་དང་། ཞིང་ནང་དུ་སོ་ནམ་ལས་ལ་འབད་པ་ཡིན་པས། རྩྭ་ར་དང་། ནོར་ལུག ཞིང་ཁ་བཅས་ནི་ཞིང་འབྲོག་པའི་རྒྱུ་ནོར་ཡོད་ཚད་རེད། དེ་བས་གློ་བུར་དུ་རི་གཤམ་དུ་སྤོ་དགོས་པའི་སྐོར་གླེང་སྐབས་སུ་ཞིག་གིས་ཀྱང་སྤོ་འདོད་བྱེད་ཀྱི་མེད། “ས་ཞིང་མེད་པ་དང་། ནོར་ལུག་གསོ་མི་ཐུབ་པ། འཚོ་བ་འཁྱོལ་དཀའ་བ་བཅས་ལ་སེམས་ཁྲལ་བྱེད་ཀྱི་ཡོད”ཅེས་ལྷག་པས་བཤད།

    གྲོང་ཚོའི་ལས་བྱེད་པ་ཚོས་སྔོན་ལ་སྤོས་པ་དང་། ཁང་པ་གསར་པ་དང་ལེ་ལག་ཚང་བའི་སྒྲིག་བཀོད་དག་པར་བརྒྱབ་ནས་ཁྱིམ་ཚང་རེ་རེ་བཞིན་ལ་བསམ་བློའི་སློབ་གསོ་བརྒྱབ་རྗེས་གཞི་ནས་ཚང་མའི་སེམས་ཁྲལ་བསལ།

    བསོད་ནམས་ནོར་བུ་དང་ལོ་64ལ་སླེབས་པའི་བཟའ་ཟླ་ཚེ་རིང་ཆོས་སྐྱིད་ནི་རི་རོང་ཤང་ནས་སྤོས་ཡོང་བ་རེད། སྲིད་ཇུས་རང་བཞིན་གྱི་ཁ་གསབ་རོགས་དངུལ་དང་། གད་སྙིགས་དབོར་བའི་གླ་ཆ། ལོ་ན་མཐོ་བའི་ཁ་གསབ་རོགས་དངུལ་བཅས་བསྡོམས་ན་རྒན་རྒོན་གཉིས་ལ་ལོ་གཅིག་ལ་སྒོར་ཁྲི་6ལྷག་ཙམ་ཡོང་གི་ཡོད། ཚེ་རིང་ཆོས་སྐྱིད་འཁལ་འཐག་ལག་ཤེས་ལ་བྱང་བས། ཁོམ་པ་ཡོད་རིམ་བཞིན་ཁུག་མ་སྣ་ཚོགས་འཐག་གི་ཡོད་ལ། ཐོན་རྫས་མང་པོ་ཚོམས་ཆེན་ནང་གྲལ་འགྲིག་པོར་བཞག་པ་དང་། སྒོ་རའི་ཟུར་དུ་ཡར་སྔོན་གྱི་ཐགས་ཁྲི་ཞིག་ཀྱང་བཞག་འདུག

    རྒད་པོ་ཁོང་གིས་སུ་ཞིག་ལས་ཀྱང་འཚོ་བའི་འགྱུར་ལྡོག་གསལ་པོར་ཤེས་ཀྱི་ཡོད། སྔོན་མ་རྡོ་ཁང་རྙིང་པར་སྡོད་དུས་ལྷགས་པ་ཆེན་པོ་ལྡང་སྐབས་ཁང་པའི་ནང་ཐལ་རྡུལ་གྱིས་ཁེངས་པ་དང་། ད་ཆ་དྲོད་རླངས་ཡོད་པའི་ཁང་བཟང་ནང་དུ་ཆ་སྒམ་དང་ཁྱིམ་ཆས་ཚང་མ་གསར་རྐྱང་རེད། “འདི་ནི་ང་ཚོས་གསར་དུ་བཟོས་པའི་ཆ་སྒམ་ཡིན། ད་ཆའི་ཚེ་མཇུག་གི་འཚོ་བ་སྐྱིད་པོ་འདི་འདྲ་སྔོན་ཆད་བསམ་མི་ཕོད་པ་ཞིག་རེད”ཅེས་བསོད་ནམས་ནོར་བུས་ཚོམས་ཆེན་གྱི་ཆ་སྒམ་གསར་པ་སྟོན་བཞིན་དགའ་ཚོར་ཆེན་པོས་བཤད་བྱུང་།

    ལུང་གཞུང་དུ་འཚོ་བ་གསར་པ་བཏོད་པ།

    ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་ནས་གནམ་གཤིས་དྲོ་བའི་ལུང་གཞུང་དུ་སྤོས་རྗེས། གནས་གསར་པར་འཚམ་འཕྲོད་ཡོང་བར་བརྒྱུད་རིམ་ངེས་ཅན་ཞིག་དགོས་ཀྱི་ཡོད།

    འདི་གར་ཐོག་མར་སླེབས་སྐབས་བཞའ་ཚན་ཆེ་བས་མི་མང་པོ་མཚན་མོར་གཉིད་ཡག་པོ་ཁུག་གི་མེད། ཕྱུགས་འཚོ་བ་དང་སོ་ནམ་ལས་གློ་བུར་དུ་མཚམས་འཇོག་དགོས་བྱུང་བས་སེམས་ནང་སྟོང་ལྷང་ལྷང་གི་སྣང་བ་ཞིག་ཡོང་གི་ཡོད། ལོ་ཤས་སོང་རྗེས་འཚོ་བ་གསར་པར་གཞི་ནས་གོམས་པར་གྱུར།

    ལོ་56ལ་སླེབས་པའི་ཚེ་རིང་སྐྱིད་འཛོམས་ཐོག་མར་སྤོ་རྩིས་གཏན་ནས་མེད། གྲོང་ཚོའི་ལས་བྱེད་པས་འཁྱེར་ཡོང་བའི་ཁང་པ་གསར་པའི་པར་ལ་བལྟས་རྗེས་གཞི་ནས་ཁང་པ་གསར་པར་སྤོ་བའི་འདུན་པ་སྐྱེས། “ཕ་ཡུལ་དུ་ས་ཞིང་དང་ནོར་ལུག་ཡོད་མོད། འོན་ཀྱང་ལོ་གཅིག་ལ་ཡོང་འབབ་ཕྲན་བུ་ལས་མེད”ཅེས་ཁོང་གིས་བཤད།

    ད་ཆ་ཁོང་ནི་ནགས་སྲུང་བ་དང་། ཁྱོ་ག་ནི་མཐའ་སྲུང་བ་རེད། བུ་དང་མནའ་མ་ནི་འདི་གར་སྤོས་རྗེས་ངོ་ཤེས་པ་དང་། ཁོང་གཉིས་ཀྱིས་ད་ཆ་གྲོང་ཚོ་ཨུ་ལྷན་གྱི་འགྲམ་དུ་འོ་ཇ་ཁང་ཞིག་བཙུགས་ཡོད་པ་དང་། ཚོང་ཡག་པའི་སྒང་ལ་ཁྱིམ་དང་ཐག་ཉེ་པོ་རེད་འདུག ནང་མི་བཞི་ལ་ལོ་གཅིག་གི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་བསྡོམས་ན་སྒོར་ཁྲི་8ཙམ་ཡོད།

    ཚེ་རིང་སྐྱིད་འཛོམས་ཀྱིས་ད་ལོ་ད་དུང་དྲོད་ཁང་ཆེ་མོ་ཞིག་འགན་གཙང་བླངས་པར་ལོའི་བོགས་དངུལ་སྒོར་2000སྤྲོད་ཀྱི་ཡོད་པ་དང་། དྲོད་ཁང་ནང་པད་ཚལ་དང་། ཀྲོ་མ་ཀྲུ། ལ་ཕུག ཤིས་ཀྭ་བཅས་བཏབ་ཡོད་པ་དང་། རང་ཁྱིམ་དུ་ཟས་མི་ཚར་བ་རྣམས་འཚོང་གི་ཡོད་པ་རེད། ཁྱིམ་དུ་ད་དུང་དམངས་སྲོལ་གནས་ཚང་ཁང་མིག་3ཡོད་པ་དང་། རྒྱལ་སྟོན་རིང་འགྲུལ་པ་མི་ཉུང་བ་ཞིག་ཡོང་གི་ཡོད།

    གནམ་གཤིས་ཡག་པའི་དགོང་མོར་ཁོང་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་སྒོར་གཞས་འཁྲབ་པར་འགྲོ་གི་ཡོད། “མཁའ་རླུང་གཙང་ལ་ཆུ་གཙང་བ་མ་ཟད། ལྟོ་གོས་ལ་སེམས་ཁྲལ་གང་ཡང་མེད་པས་འདི་ལས་བདེ་སྐྱིད་ལྡན་པའི་འཚོ་བ་གང་ན་ཡོད”ཅེས་ཚེ་རིང་སྐྱིད་འཛོམས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    རེ་བས་ཁེངས་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པ།

    ལོ་འདི་དག་རིང་ལྷོ་བ་གྲོང་གསར་གྱི་འགྱུར་ལྡོག་མངོན་གསལ་དོད་ཤོས་ནི་གཞོན་ནུ་མང་པོ་ཕ་ཡུལ་དུ་ལོག་པ་དེ་རེད།

    ལོ་39ལ་སླེབས་པའི་ནོར་བུ་རྒྱལ་མཚན་གྱིས་ཕྱིར་སྤོས་མ་ཐག་པའི་ལོ་དེར་གཡོས་འཁོར་ཞིག་ཉོས་ཏེ་ཐག་ཉེ་སའི་ལས་ཡུལ་དུ་ལས་ཀ་བྱས་པ་དང་། “འདིར་མ་སྤོས་གོང་ངས་ལས་ཡུལ་གང་སར་ལས་ཀ་བྱས་ཀྱང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་ལས་རག་གི་མི་འདུག འདི་གར་སྤོས་རྗེས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ཙམ་རག་གི་འདུག”ཅེས་ནོར་བུ་རྒྱལ་མཚན་གྱིས་བཤད་པ་དང་། ཁོང་གིས་ངས་ད་དུང་ནགས་སྲུང་གི་ལས་འགན་འཁུར་བཞིན་ཡོད། བཟའ་ཟླས་མཐའ་མཚམས་སུ་སྐོར་གཡེང་བྱེད་ཞོར་ནང་ལས་བྱེད་པ་དང་ཕྲུ་གུར་ལྟ་རྟོག་བྱེད་ཀྱི་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

    ཉེ་འཁོར་གྱི་ལས་གྲྭའི་རྣམ་གྲངས་ལ་བརྟེན་ནས་གྲོང་ཚོའི་གཞོན་ནུ་མི་ཉུང་བ་ཞིག་ལ་ཁ་ལོ་བའི་ལག་ཁྱེར་དང་བཀོལ་སྤྱོད་ལག་ཁྱེར་རག་པ་དང་། སྐྱེད་ཀ་དམའ་བའི་ཡིད་རྟོན་དངུལ་བུན་བརྒྱུད་ཟོག་འདྲེན་རླངས་འཁོར་དང་། བླུག་འཁོར། སྔོག་འཕྲུལ་བཅས་ཉོས་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའེ་ཁྲེང་གིས“ལས་ཀ་ཡག་པོ་རག་ཚེ་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཤིག་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་30ནས་40བར་ཡོང་གི་ཡོད”ཅེས་བཤད།

    གཞོན་ནུ་ཕ་ཡུལ་དུ་ལོག་པས་གྲོང་ཚོར་གསོན་ཤུགས་འཕེལ་ཡོད། འོན་ཀྱང་ཚུའེ་ཁྲེང་ལའང་སེམས་ཁྲལ་གཞན་ཞིག་བྱུང་བ་སྟེ། ལས་གྲྭའི་རྣམ་གྲངས་ལ་ལས་མཇུག་འགྲིལ་བའི་དུས་ཤིག་ཡོད་པས། སྐབས་དེ་དུས་གཞོན་ནུ་ཚོས་ཅི་ཞིག་བྱེད་དགོས་སམ། དེར་དམིགས་ནས་གྲོང་ཚོས་རྐང་ཐང་མར་མཐའ་མཚམས་སྐོར་གཡེང་བྱེད་པའི་ཉམས་ལེན་ལམ་ཐིག་གསར་སྤེལ་གྱིས། ཡུལ་སྐོར་ལས་ལ་བརྟེན་ནས་མང་ཚོགས་ཁྱིམ་གྱི་སྒོ་འགྲམ་དུ་དངོས་འབྲེལ་ཕྱུག་པོ་ཆགས་ཐབས་བྱེད་རྩིས་ཡོད་པ་རེད།

    ལྷོ་བ་གྲོང་གསར་གྱི་གཏམ་རྒྱུད་ད་དུང་མུ་མཐུད་དུ་འབྲི་བཞིན་ཡོད། མི་རྣམས་ས་བབ་མཐོ་པོ་ནས་སྤོས་ཏེ་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་བཏང་ནས་ཚ་ཚ་འུར་འུར་ངང་ཕྱུག་འགྱུར་ལམ་དུ་ཆས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།