མཚོ་སྔོན་གཏེར་ལེན་ཁ་རུ་ས་ཡོམ་རིམ་པ་5.6བརྒྱབ་པ།
རོགས་སྐྱོབ་མི་སྣ་ཡོམ་ལྟེར་འབྱོར་བ་དང་མི་སྣ་ཤི་རྨས་བྱུང་མེད་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་གྱི་ཆུ་ཚོད་18དང་སྐར་མ་45ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་དུ་ས་ཡོམ་རིམ་པ་5.6བརྒྱབ་ཅིང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཟིན་པ་དང་། བྱང་གི་འཕྲེད་ཐིག་ཏུའུ་37.14དང་ཤར་གྱི་གཞུང་ཐིག་ཏུའུ་96.62ཡི་སར་ཡོམ་ལྟེ་འཁེལ་བ་དང་། ཡོམ་ལྟེ་ནས་གཏེར་ལེན་ཁ་གྲོང་ཁྱེར་བར་བར་ཐག་སྤྱི་ལེ་70ཙམ་ཡོད་པ་རེད།
ས་ཡོམ་བརྒྱབ་རྗེས། མཚོ་སྔོན་ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་འཕྲལ་མར་འཕྲལ་སྡོམ་དང་ལེན་གྱི་སྔོན་ཇུས་ལག་ལེན་བསྟར་ཞིང་། གཏེར་ལེན་ཁ་རུ་ཆེན་གྱིས་གདོང་སྐྱོད་འཕྲལ་སྒྲུབ་ཡན་ལག་རུ་ཁག་གི་རླངས་འཁོར་1དང་མི་4ཡོམ་ལྟེར་གྲལ་བཤེར་བྱེད་པར་མངགས་པ་དང་ཆབས་ཅིག ཞིང་ཆེན་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཟི་ལིང་དང་། དམིགས་བསལ་ལས་སྒྲུབ། མཚོ་ནུབ་བཅས་ཀྱི་ཉིང་ལག་རུ་ཁག་3གྱི་རླངས་འཁོར་85དང་མི་265 འཚོལ་སྐྱོབ་ཁྱི་6 སྒྲིག་ཆས་དང་ཡོ་བྱད་ཆ་ཚང་ཁྲི་1.3བསྡུ་རུབ་བྱས་ནས་རྡོག་ཐོན་གྱི་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད་པ་རེད།
མིག་སྔའི་བར། མེ་གསོད་རོགས་སྐྱོབ་དཔུང་ཁག་དང་དེ་བཞིན་གཏེར་ལེན་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་ཡོམ་ལྟེའི་ཁུལ་དུ་འབྱོར་ཞིང་། ཡོམ་ལྟེའི་ཤང་དང་གྲོང་རྡལ་དང་ཉེ་འཁོར་གྱི་གྲོང་ཚོ་དང་གྲོང་རྡལ་དུ་མི་སྣ་ཤི་རྨས་དང་ཁང་པ་རྡིབ་པ་སོགས་ཀྱི་འབྲེལ་ཡོད་སྙན་སེང་གནས་སྐབས་གང་ཡང་འབྱོར་མེད། དེ་དང་ཆབས་ཅིག གྲལ་བཤེར་བྱས་པ་བརྒྱུད། ས་ངོས་གས་པ་སོགས་ཀྱི་གནོད་འཚེའི་སྣང་ཚུལ་གང་ཡང་ཐོན་མེད་པ་ཤེས་རྟོགས་བྱུང་བ་རེད།
འབྲེལ་ཡོད་གསར་འགྱུར།