དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རྩ་བ”དང“བླ་སྲོག”བཏོད་ནས་གཙོ་རྐང་གི་ནུས་པ་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2026-11-24

    གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། གཞུང་ཁོངས་ཁེ་ལས་ཀྱི་གཙོ་རྐང་གི་ནུས་པ་ཡག་པོ་འདོན་ཐུབ་ཚེ། ད་གཟོད་ཏང་དང་རྒྱལ་ཁབ་ལ“ཆེས་བློས་འགེལ་ཆོག་པའི་རྒྱབ་རྟེན་གྱི་སྟོབས་ཤུགས”ཡོང་ངེས་རེད།

    “ཏང་གིས་གཞུང་ཁོངས་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱེད་དགོས”ཞེས་ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས“ཤུགས་རྒྱག་དགོས་པ་བཞིའི”བླང་བྱ་གལ་ཆེན་ཁ་གསལ་བཏོན་པ་དེས་རྒྱང་ལམ་གསར་པར་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་མཚམས་སུ། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟླ་11ཚེས་13ཉིན་པེ་ཅིང་དུ་འཚོགས་པ་དང་། དེ་ནི་རྒྱང་ལམ་གསར་པར་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་སྐུལ་སློང་ནུས་ལྡན་བྱས་པ་ཞིག་རེད།

    ལག་ལེན་ནི་རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དང་རིགས་པའི་གཞུང་ལུགས་ནི་ལག་ལེན་གྱི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན།

    “ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་། གཞུང་ཁོངས་ཁེ་ལས་ཀྱི‘རྩ་བ’དང‘བླ་སྲོག’ རང་རྒྱལ་གྱི་གཞུང་ཁོངས་ཁེ་ལས་ཀྱི་དམིགས་བསལ་གྱི་ལེགས་ཆ་བཅས་རེད” “ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། དེང་རབས་ཁེ་ལས་ལམ་ལུགས་འཛུགས་པ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ཁ་ཕྱོགས་ཡིན་ཞིང་། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས”ཞེས་པ་ལ་སོགས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞུང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཞིང་། ལྷག་པར་དུ་2016ལོའི་ཟླ་10པར་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་རྩ་བའི་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ནས། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་ཕན་འབྲས་གཡུར་དུ་ཟ་བ་ཐོན་པ་དང་རྒྱལ་དམངས་དཔལ་འབྱོར་ཁྲོད་རྐང་འཛིན་དང་སྲོག་ཤིང་གི་ནུས་པ་སྔར་ལས་མངོན་གསལ་དོད་དུ་འགྲོ་བར་ཁྲིད་སྟོན་ཐུབ་ཡོད།

    བསམ་བློར་ཁྲིད་སྟོན་བྱས་ནས་རྩ་བ་དང་བླ་སྲོག་བརྟན་དུ་གཏོང་དགོས།

    གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་པའི་ལམ་དྲ་དང་། གློག་དྲ། མདོང་དྲ། ཆུ་དྲ། འཕྲིན་དྲ་བཅས་བསྐྲུན་པ་ནས་ཟླ་བའི་ལྷ་མོ་ཨང་དྲུག་པ་དང“འབད་འཐབ་པ”རྟགས་ཅན་སོགས་རྒྱལ་ཁབ་ཆེན་པོའི་མཆོག་ནོར་འབོར་ཆེན་བཏོད་པའི་བར་དང་། དེ་ནས་རང་བྱུང་གནོད་འཚེ་ཚབས་ཆེན་འགོག་རྒོལ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་སོགས་ཀྱི་ལས་འགན་གལ་ཆེན་སྒྲུབ་སྐབས་ཞུམ་མེད་གདོང་མཆོང་བྱས་པའི་བར། གཞུང་ཁོངས་ཁེ་ལས་ཀྱི་གྲུབ་འབྲས་དང་ལེགས་སྐྱེས་ཚང་མས་མཐོང་གསལ་རེད། གྲངས་གཞི་ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་ཁེ་བཟང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་4ལྷག་ཙམ་ཟིན་ནས་གཞི་ཁྱོན་གྱི་སྟོབས་ཤུགས་དང་སྤུས་ཚད་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།

    “རྩ་བ”དང“བླ་སྲོག”བཏོད་ནས་གཙོ་རྐང་གི་ནུས་པ་འདོན་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ངེས་པར་དུ་གཙོ་གནད་ལ་དམ་འཛིན་བྱས་ཏེ། སྤྱི་ཡོངས་ལ་སྟངས་འཛིན་ཐུབ་པར་བྱེད་དགོས།བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་གསལ་པོ་དང་ད་རེས་ཀྱི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་པ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ལ་ཤུགས་རྒྱག་པ་བཅས་བྱེད་དགོས།

    ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་ཡིན། གཞུང་ཁོངས་ཁེ་ལས་ནི་སྤྱིར་བཏང་གི་གཉེར་སྐྱོང་བྱེད་པོ་ཞིག་མིན་པས་ཆབ་སྲིད་ཀྱི་ངོ་བོ་མངོན་གསལ་དོད་པོ་ལྡན་ཡོད། ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་ཆབ་སྲིད་ཀྱི་བརྡར་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་ཀྱི་ལས་འགན་ཡག་པོ་འཁུར་བ་བཅས་བྱས་ཏེ་རང་རྟོགས་ངང་འགག་རྩའི་ཐབས་མཆོག་དང་། གདོང་དམག རྒྱལ་ཁབ་རུ་ཁག གྲུ་རྡོ། གཙོ་ཤུགས་དམག་དཔུང་བཅས་ཡག་པོ་བྱེད་དགོས།

    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་གི་བསམ་བློ་འཛུགས་སྐྱོང་གི་རྩ་བའི་ལས་འགན་ཞིག་རེད། གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་རྩ་བ་ནི་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་དེ་ཡིན་པས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁེ་ལས་དང་། འཁོར་ཁང་། ཚོགས་ཆུང་། ཚན་ཁག བསམ་བློ་བཅས་སུ་ཁྱབ་པར་སྐུལ་འདེད་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་། གོ་བ་ལེན་པ། བེད་སྤྱོད་གཏོང་བ་བཅས་བྱ་རྒྱུ་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་ཐབས་ལམ་ལ་བརྩིས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་ཀྱིས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཐོན་སྐྱེད་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐབས་མཆོག་དང་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བའི་ཐབས་བཟང་དུ་འགྱུར་བ་བྱས་ནས། རིགས་པའི་གཞུང་ལུགས་ལ་བརྟེན་ཏེ་འཕེལ་རྒྱས་ཀྱི་རང་འགུལ་ཁོང་དུ་ཆུད་པ་དང་གསར་གཏོད་ཀྱི་གཏིང་ཤུགས་འཕེལ་བར་བྱེད་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་སྐབས། གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་དང་ལས་འགན་འཁུར་ཏེ་བྱས་རྗེས་གསར་པ་འཇོག་དགོས། རྒྱང་ལམ་གསར་པར་ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་གཞུང་ཁོངས་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་པར་བྱས་ཚེ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་གྱུར་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།