ཞིང་འབྲོག་པར་ལས་ཀ་བྱེད་རྒྱུ་ཡོད་པ་དང་། ཡོང་འབབ་གསོག་རྒྱུ་ཡོད་པ། དངུལ་ལེན་རྒྱུ་ཡོད་པ་བཅས་བྱས་པ།
—— ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་འཁོར་སྦྲེལ་ཧྲིལ་པོའི་ལས་ཞུགས་བརྟན་པོ་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
བསོད་ནམས་མཚོ་མོས་བྱང་ཆ་དོད་པོས་མལ་གདན་བཏིང་བ་དང་། ཕོ་ཁེབས་ཀྱི་ཤུབས་གསར་པ་འདིང་ཞིང་ཟུར་རྣམས་ལྟེབ་རྩེག་ལེགས་པར་བརྒྱབ་རྗེས་གདན་གྱི་ངོས་སྙོམས་པར་བྱས། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབན་ཧྲེང་གསོལ་མགྲོན་ཁང་ཆེ་མོའི་མགྲོན་ཁང་པུའུ་རུ་ཁོང་གིས་ཉིན་གཅིག་ལ་ཁང་མིག་ཉི་ཤུ་ལྷག་ཙམ་ལ་གཙང་སྦྲ་ལེགས་པར་བྱེད་དགོས་ཀྱི་ཡོད།
“སྔོན་ཆད་ལག་རྩལ་གང་ཡང་ཤེས་ཀྱི་མེད་ལ། ལོ་ཧྲིལ་པོར་ནས་འདེབས་པ་དང་ནོར་ལུག་འཚོ་བ་ཁོ་ནར་བརྟེན་དགོས་པས་དངུལ་འབེལ་པོ་མེད”བསོད་ནམས་མཚོ་མོས་ད་ལོ་རྫོང་གིས་འགྲུལ་ཁང་ཞབས་ཞུའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་བདེ་བླག་ངང་སློབ་མཇུག་འགྲིལ་ནས་ལག་ཁྱེར་རག་རྗེས་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཚང་མ་དང་མཉམ་དུ་ལས་གནས་ཐོག་སླེབས་ཐུབ་པ་བྱུང་ཞེས་བཤད།
“གསོལ་མགྲོན་ཁང་ཁྱིམ་དང་ཐག་ཉེ་བས་ལས་ཀ་གྲོལ་རྗེས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ཀྱི་འདུག”ཅེས་བསོད་ནམས་མཚོ་མོས་བཤད།
མགྲོན་ཁང་གི་ཞབས་ཞུ་བ་ཞིག་ལ་ལས་གནས་རག་པ་ལས་འཁོར་སྦྲེལ་དེ་བས་རིང་བ་ཞིག་དང་འབྲེལ་མཐུད་ཐུབ་ཡོད། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་རིང་། བྲག་གཡབ་རྫོང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་གཙོ་གནད་དེ“ལས་ཀ་བྱེད་རྒྱུ་ཡོད་པ་དང་། ཡོང་འབབ་གསོག་རྒྱུ་ཡོད་པ། དངུལ་ལེན་རྒྱུ་ཡོད་པ”བཅས་ཀྱི་བྱ་བ་གསུམ་གྱི་ཐོག་བཞག་ཡོད།
ལས་གནས་གང་ནས་བྱུང་བ་ཡིན་ནམ།
བསོད་ནམས་མཚོ་མོར་ལས་གནས་རག་པ་ནི་གསོ་སྦྱོང་བྱེད་ཐེངས་གཅིག་ལས་བྱུང་བ་ཞིག་གཏན་ནས་མིན།
བྲག་གཡབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཤང་དང་གྲོང་ཚོ་རེ་རེ་བཞིན་མཐིལ་རྟོགས་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཀྱི་གཞི་གྲངས་དང་། ལས་ཞུགས་འདོད་མོས། རྩལ་ནུས་གནས་ཚུལ། ལས་ཀ་བྱ་ཡུལ་བཅས་ལ་རྩིས་ཁྲ་བཟོས་ནས་རྒྱུན་རྣམ་ཅན་གྱི་མཐིལ་རྟོགས་དང་བབ་བསྟུན་གསར་བརྗེས་བྱས་པ་རེད། རྩིས་ཁྲ་དེ་ཡིག་སྒྲོམ་ནང་འཇོག་པ་ཙམ་མ་ཡིན་པར་དེ་སྐྲུན་བཞིན་པའི་རྣམ་གྲངས་ཀྱི་ལས་མི་སྤྱོད་པ་དང་། རླངས་འཁོར་སྤྱོད་པ། འཕྲུལ་ཆས་སྤྱོད་པ་བཅས་ཀྱི་དགོས་མཁོ་དང་འབྲེལ་མཐུད་བྱས་པ་དང་། རྣམ་གྲངས་རེ་རེ་བཞིན་རྩིས་ཁྲ་དང་ཡང་ཡང་བསྡུར་ཞིང་། རིམ་རྩིས་བརྒྱབ་ན་ལས་གནས་རྩེ་གྲ་2342མཁོ་འདོན་བྱས་ཡོད།
ལས་གནས་རག་ཀྱང་མི་རྣམས་ཀྱིས་སྒྲུབ་ཐུབ་མིན་ནི་འགག་སྒོ་རྗེས་མ་དེ་ཡིན། ལས་གྲྭའི་འཕྲུལ་ཆས་བཀོལ་སྤྱོད་དང་། གློག་ལས་ཉམས་གསོ། ཚ་ལ་རྒྱག་པ། ཀྲུང་ལུགས་གཡོས་སྦྱོར། མགྲོན་ཁང་གི་ཞབས་ཞུ་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་ལ་དམིགས་ནས་རྫོང་གིས་མངགས་ཐོའི་རྣམ་པ་དང་། ཁ་ཕྱོགས་གཏན་འཁེལ་རྣམ་པ། གྲབས་གསོག་རྣམ་པ་བཅས་ཀྱི་གསོ་སྦྱོང་བྱས་ཏེ་ལས་གནས་ལ་གཞིགས་ནས་མི་ཐེངས་1618ལ་གསོ་སྦྱོང་བྱས་པ་རེད། བསོད་ནམས་མཚོ་མོས་སྦྱངས་པ་ནི་མགྲོན་ཁང་ཞབས་ཞུའི་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་ཡིན་པ་དང་གསོ་སྦྱོང་ཚར་རྗེས་ཐད་ཀར་ལས་གནས་ཐོག་བསྐྱོད་པ་རེད།
གསོ་སྦྱོང་བྱས་རྗེས་ད་དུང་དོ་དམ་བྱེད་མཁན་ཡོད། ཕྱིར་ལས་ཀར་སྐྱོད་མཁན་ཞིང་འབྲོག་པ་185ལ་རྫོང་ནས་འགྲིམ་འགྲུལ་ཁ་གསབ་རོགས་དངུལ་སྤྲད་པ་དང་། ལས་ཀ་མ་བྱས་གོང་ཁེ་དབང་གསལ་བཤད་བྱེད་པ། ལས་ཀར་ཐོན་རྗེས་ལས་སྒྲུབ་གནས་ཚུལ་ལ་རྗེས་སྙེག་བྱས་ནས་མང་ཚོགས་ཕྱིར་སྐྱོད་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཡོང་འབབ་གསོག་ཐུབ་པ་བཅས་བྱས་ཡོད།
ཡོང་འབབ་ཇི་ལྟར་རག་ཐབས་བྱེད་དམ།
བྲག་གཡབ་རྫོང་ཡུག་ཤོད་གྲོང་ཚོའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་རྣམ་གྲངས་ཀྱི་ལས་ཡུལ་དུ་རྡོ་རྗེས་རླངས་འཁོར་བརྟན་པོ་བཞག་རྗེས་རྫོང་ནས་ཡོང་བའི་ལས་བྱེད་པའི་སར་ཕྱིན་ནས་ལས་སྤྱོད་རྩིས་ཁྲར་མཉམ་དུ་བལྟས། ལས་བྱེད་པས་ཁྱིམ་ཚང་སུའི་རླངས་འཁོར་གྱིས་དབོར་འདྲེན་བྱས་པ་དང་། དབོར་འདྲེན་ཐེངས་ག་ཚོད་བྱས་པ། གཙང་རྩིས་བརྒྱབ་མིན་བཅས་ལ་རེ་རེ་བཞིན་ཞིབ་བསྡུར་བྱེད་ཀྱི་ཡོད། རྡོ་རྗེས་མཛུབ་མོ་བཙུགས་ནས“དེ་ནི་ངས་དབོར་བ་ཡིན། ད་ག་རང་རེད”ཅེས་བཤད།
ལས་ཀ་ཡོད་པ་ཙམ་གྱིས་ཡོང་འབབ་རག་ཐུབ་པའི་ངེས་པ་མེད། བྲག་གཡབ་རྫོང་གིས་ལྟ་སྐུལ་གྱི་དོན་ལ་བབས་ས་དེ་ཡོང་འབབ་བགོ་བཤའ་རྒྱག་པའི་ལྷུ་ཚིགས་སུ་བཞག་པ་དང་། དམིགས་ས་ནི་གྱོང་གུན་ཕོག་ཡོད་མེད་དང་མ་དངུལ་དངོས་འབྲེལ་ལས་མིའི་ལག་ཏུ་འབྱོར་ཡོད་མེད་ལ་བརྩི་ཡི་ཡོད།
རྫོང་གིས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པར་ས་གནས་དེ་གའི་ལས་མི་སྤྱོད་པ་དང་ས་གནས་དེ་གའི་རླངས་འཁོར་བེད་སྤྱོད་གཏོང་རྒྱུར་ལྟ་སྐུལ་བྱས་ཤིང་། རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་རླངས་འཁོར་ཐེངས་ཁྲི་2.99དང་འཕྲུལ་ཆས་ཐེངས་ཁྲི་0.28བེད་སྤྱོད་བཏང་བ་རེད། ལས་མིའི་མིང་ཐོ་དང་རླངས་འཁོར་གྱི་ཐོ་གཉིས་གཅིག་མཚུངས་ཡིན་དགོས། གལ་ཏེ་མ་མཚུངས་ན་ལྷུ་ཚིགས་དེར་ལྟ་སྐུལ་བྱེད་དགོས་ཀྱི་ཡོད།
ཐོན་ལས་ལ་འབབ་འཕར་ཡོང་མིན་དེ་སྤུས་རྟགས་དང་མཉམ་ལས་ཁང་ལ་བརྟེན་དགོས། བྲག་གཡབ་ཀྱི་ཀུ་ཤུ་དང་ནས་ནག་སོགས་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་6ལ་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་ཐོབ་པ་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་55སྐྱེད་སྲིང་བྱས་པའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་1དང་གྲོང་ཁྱེར་རིམ་པའི་དཔེ་སྟོན་ཁང་3ཡོད། ལོ་ལྟར་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་270གདན་ཞུ་བྱས་ནས་ཐོན་སྐྱེད་ཀྱི་དཀའ་གནད་བསལ་ཡོད།
གླ་ཆ་ཇི་ལྟར་འགན་ལེན་བྱེད་དམ།
རྫོང་ནང་ཁུལ་གྱི་ལས་ཡུལ་དུ་ལས་ཀ་བྱེད་མཁན་གྱི་རྒན་ཝུའུ་ལགས་ཀྱིས། དེ་སྔ་ལས་ཀ་ཚར་ཡང་དངུལ་མ་རག་པའི་སེམས་ཁྲལ་འདུག སུ་འཚོལ་བར་ཕྱིན་ཡང་ཐག་གཅོད་ཐུབ་ཀྱི་མིན་འདུག ད་ཆ་ལས་ཡུལ་དུ་སྔོན་ལ་དངོས་མིང་བཀོད་པ་དང་གླ་ཕོགས་ཟླ་རེ་བཞིན་གཱ་ནང་བླུགས་ཀྱི་ཡོད། “ཆེད་གཏོང་རྩིས་ཁྲའི་ནང་དངུལ་ཡོད་མེད་ལྟ་མཁན་ཡོད་པ་དང་དུས་ཚོད་ཟིན་ན་མ་དངུལ་རྩིས་ཁྲར་འབྱོར་གྱི་ཡོད་པས་སེམས་ལྷོད་པོས་ལས་ཀ་བྱས་ན་འགྲིག”ཅེས་བཤད།
གླ་ཆ་ལེན་ཐུབ་པའི་འགག་སྒོ་དང་པོ་ནི་ལས་ཡུལ་དུ་བསྐྱོད་རྒྱུ་དེ་རེད། རྫོང་གིས་རྣམ་གྲངས་ལ་ལྟ་སྐུལ་བྱས་ཏེ་ལས་མི་སྤྱོད་པའི་འབྲེལ་བ་ཤོག་བུའི་ཐོག་སྦྱར་བ་དང་རིམ་རྩིས་བརྒྱབ་ན་ངལ་རྩོལ་གན་རྒྱ་ཁྲི་2.45བཞག་ནས་དངོས་མིང་འགོད་ནས་ཐོ་འགོད་བྱེད་པ་དེ་མི་ཐོག་ལ་འཁྱོལ་བ་བྱས་ཡོད། གསར་སྐྲུན་རྣམ་གྲངས་ཀྱི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་ཁྱབ་ཚད་70%ནས་100%བར་དང་གླ་ཆ་འགན་ལེན་གྱི་དངུལ་ཁྱབ་ཚད་100%ཟིན་ནས། སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱི་རྣམ་གྲངས་ཚང་མ་རིག་ནུས་ལྟ་སྐུལ་དོ་དམ་ལས་སྟེགས་ནང་བཅུག་ཡོད། གླ་ཆའི་ཆེད་སྤྱོད་རྩིས་ཁྲ་དང་། དངོས་མིང་འགོད་ལུགས། འགན་སྤྱི་གཙང་ལེན་གྱི་གླ་ཆ་ཚབ་སྤྲོད་བྱེད་པ། ཟླ་རེ་བཞིན་གྲངས་ཚང་སྤྲོད་པ། གླ་ཆའི་འགན་ལེན་དངུལ་གྱི་ལམ་ལུགས་ཁག་ལྔ་རེ་རེ་བཞིན་ལེགས་སྒྲིག་བྱས་ནས་ཕྱོགས་བསྡུས་དོན་འཁྱོལ་བྱེད་ཚད་97.62%ཟིན་ཡོད།
ལམ་ལུགས་དོན་ཐོག་ཏུ་འཁྱོལ་མིན་དེ་ལས་སྟེགས་ནས་མཐོང་ཐུབ་ཀྱི་ཡོད། དེ་སྔ་གླ་ཆ་ཆད་རྗེས་གཞི་ནས་རྩིས་ཁྲ་ཞིབ་བཤེར་བྱེད་པ་དང་། རྩིས་ཁྲ་བཤེར་ནས་མི་འཚོལ་དགོས་ཀྱི་ཡོད་པས་བརྒྱུད་རིམ་རྩ་བ་ནས་སྟབས་བདེ་པོ་མེད། ད་ལྟ་ལྷུ་ཚིགས་གང་ཞིག་ནས་དོན་འཁྱོལ་ཐུབ་མེད་ན། ལས་སྟེགས་ནས་ཉེན་བརྡ་གཏོང་བ་དང་། སྔོན་ཚུད་ཀྱི་ཉེན་བརྡ་ལྟར་ཞིབ་བཤེར་བྱས་ནས་སྒྲིག་ལམ་ལྟར་ཐག་གཅོད་བྱེད་ཀྱི་ཡོད། “སྔོན་ནས་སྔོན་འགོག་བྱས་ན་ལས་ཀ་ཚར་རྗེས་ཡང་བསྐྱར་གཙང་སེལ་བྱེད་པ་ལས་གོ་ཆོད་པ་ཡོད”ཅེས་བྲག་གཡབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཆུས་ཏིང་སུང་གིས་བཤད།
སྤྱོད་གོ་ཆོད་པའི་བྱེད་ཐབས་གཏན་འཁེལ་བྱེད་བཞིན་ཡོད། རྣམ་གྲངས་ཀྱི་ལས་མི་སྤྱོད་པ་དང་། གླ་ཆ་སྤྲོད་པ། ངལ་ནུས་ཕྱིར་གཏོང་། ཐོན་ལས་རོགས་སྐྱོར། ཕྱུགས་རིགས་བཤས་གཏོང་སོགས་ལྷུ་ཚིགས་ཀྱི་ནུས་ལྡན་ཉམས་མྱོང་རིམ་བཞིན་བརྟན་དུ་ཕྱིན་པ་དང་། གླ་ཆ་འགྱངས་ཆད་ཀྱི་ཁུངས་སྣེ་དང་། ལས་མི་སྤྱོད་པའི་རྩོད་གཞི། སྲིད་ཇུས་དོན་འཁྱོལ་གྱི་འགག་གནད་བཅས་ཤེས་རྟོགས་ཐུབ་མ་ཐག་འཕྲལ་དུ་དག་ཐེར་བྱེད་པ། འགན་འཛོལ་དང་ཁག་འགན་ཕར་དཀྲི་ཚུར་དཀྲི་བྱེད་པའི་གནད་དོན་གྱི་ཁུངས་སྣེ་དུས་ཐོག་ཏུ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རྩིས་སྤྲད་ནས་རྩད་གཅོད་མཐར་ཕྱིན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། རྫོང་གིས་དུས་མཚུངས་སུ་དྲ་ཐོག་དང་དྲ་ཕྱིའི་གདེང་འཇོག་ཐབས་ལམ་ཤར་གཏོང་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་དང་ཡང་ཡང་བཏོན་པའི་གནད་དོན་ལ་དུས་ཐོག་ཏུ་ལན་སློག་བསྐྱར་ཞིབ་དང་རྗེས་སྙེག་ཕན་འབྲས་འདྲི་ཞིབ་བཅས་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།