ཏང་འཛུགས་སྐྱོང་གིས་རྨང་བརྟན་མཐུན་རྐྱེན་སྦྱར། དར་རྒྱས་གོང་འཕེལ་རྣམ་པ་རབ་ཏུ་མངོན།
—— གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་ལྗོངས་ཡོངས་ཀྱི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་དཔེ་མཚོན་དུ་གྱུར་པའི་སྐོར་བཀོད་པ།
2025ལོར་ལྗོངས་ཡོངས་ཀྱི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ས་གནས་ས་ཐོག་གི་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་དུ་འཚོགས་ཤིང་། དེ་ནི་ཁང་དམར་རྫོང་གི་ལག་ལེན་གྲུབ་འབྲས་ལ་གཅིག་སྡུད་ཞིབ་དཔྱད་བྱས་པ་ཞིག་ཡིན་ལ། ས་གནས་དེ་གའི་ཏང་འཛུགས་སྐྱོང་གིས་བཅོས་སྐྱོང་ལ་སྣེ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱར་བའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། ཁང་དམར་རྫོང་གིས“ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི”ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཏེ། གཞི་རིམ་གྱི་དམག་འཐབ་མཁར་རྫོང་བརྟན་པོ་སྐྲུན་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ས་མཐོའི་མཛེས་མཐུན་གྲོང་གསེབ་མཉམ་སྐྲུན་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ལ་དམིགས་ཏེ། ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི“དམ་འཛིན་གཅིག་དང་སྐུལ་འདེད་གཉིས”ཀྱི་ལས་དོན་ཤུགས་ཆེན་སྤེལ་བ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་དམངས་ཕྱུག་ཐོན་ལས་ཡག་པོ་གཉེར་བ། ཤེས་དཔལ་གྱིས་མང་ཚོགས་ཀྱི་སེམས་པ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཐོག ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་སྐྱོང་མཁས་དང་གྲོང་གསེབ་དར་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་ཟམ་མི་ཆད་པར་བསྒྱུར་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་གསོག་འཇོག་དང་མཐུན་རྐྱེན་སྦྱར་བ་རེད།
གསར་བརྗེའི་སྒུལ་ནུས་འཕེལ་བར་བྱས་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ།
ལོ་མང་རིང་ཁང་དམར་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཙོ་རྐང་ལ་དམིགས་ཏེ། “ཇོ་རིའི་སྣེ་ཁྲིད། གསར་བརྗེའི་ཁང་དམར”གྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་བཏོད་ཅིང་། ཏང་རྩ་འཛུགས་ཀྱིས་འཐབ་ས་དང་པོར་གཞི་ཚུགས་པ་དང་ཏང་ཡོན་གྱིས་མང་ཚོགས་ཁྲོད་གཞི་ཚུགས་པར་སྐུལ་འདེད་བཏང་སྟེ། གསར་བརྗེའི་སྟོབས་ཤུགས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ་རེད།
གནས་རྙིང་ཤང་འབྲུ་དཀར་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་སྐྱོད་སྐབས། དྲ་མིག་ཅན་གྱི་བཅོས་སྐྱོང་དཔེ་རིས་ལས་བཅོས་སྐྱོང་རྣམ་པ་གསལ་པོར་མངོན་ཞིང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་101བཅོས་སྐྱོང་དྲ་མིག་3ལ་དབྱེ་བ་དང་། དྲ་དཔོན་དང་དྲ་མིག་བ་ཚང་མ་ཏང་ཡོན་གྱིས་འགན་འཁུར་ནས་འགན་འཁྲི་ཕྱོགས་ཡོངས་ལ་ཁྱབ་ཡོད། ས་གནས་དེས་དྲ་མིག་དང་སྤྱི་པའི་ཞབས་ཞུ་ཟུང་དུ་འབྲེལ་བའི་ལས་དོན་སྤེལ་སྟངས་ཁྱབ་གདལ་བཏང་ཞིང་། དམངས་ཕན་ཞབས་ཞུའི་གཱ་ཡི་སྟེང་འབྲེལ་གཏུག་བྱེད་སྟངས་དང་ལས་སྒྲུབ་བརྒྱུད་རིམ་ཁ་གསལ་བཀོད་པ་དང་། མང་ཚོགས་ཀྱིས་དྲ་ཐོག་ནས་མངགས་ཐོ་བཀོད་མ་ཐག་ཏང་ཡོན་གྱིས་དང་ལེན་ཞུ་བ་དང་བརྒྱུད་རིམ་ཧྲིལ་པོ་ཚབ་སྒྲུབ་བྱེད་ཀྱི་ཡོད་པས། དོན་དག་ཆུང་ཙག་དྲ་མིག་ནས་སྒྲུབ་ཐུབ་ནས་ནུས་ཆེ་དང་སྟབས་བདེའི་ངང་དོན་དག་སྒྲུབ་ཐུབ་ཡོད། “དེ་སྔ་དོན་དག་སྒྲུབ་སྐབས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་པ་དང་དུས་ཚོད་མང་པོ་འགོར་གྱི་ཡོད། ད་ཆ་ང་ཚོས་ཁ་པར་ནས་སྔོན་མངགས་བྱས་མ་ཐག་ལས་བྱེད་པས་ཚབ་སྒྲུབ་བྱེད་ཀྱི་ཡོད”མང་ཚོགས་ཀྱི་མྱོང་ཚོར་དངོས་ནི་བཅོས་སྐྱོང་བྱེད་སྟངས་ལེགས་སུ་ཕྱིན་པ་ལས་བྱུང་བའི་ཐད་ཀའི་འགྱུར་ལྡོག་རེད།
དམངས་འཚོའི་ལས་སྒྲུབ་ཀྱི་ལས་ཕྱོད་ནི་བཅོས་སྐྱོང་གི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་ཤིང་ཞིག་རེད། 2025ལོའི་ཟླ་6ཚེས་27ཉིན་དྲ་མིག་བ་ཕུར་བུ་དོན་གྲུབ་ཀྱིས་སྐོར་ཞིབ་བྱེད་སྐབས། གནས་རྙིང་གྲོང་ཚོའི་མྱང་ཆུ་དུམ་བུའི་ཆུ་ལམ་དུ་བྱེ་འདམ་ཕུང་གསོག་ཚབས་ཆེན་ཐེབས་པ་དང་འབྲུབ་འགོག་ནུས་པ་ཞན་དུ་ཕྱིན་ནས་ཆུ་ལོག་ཐོན་པའི་ཉེན་ཁ་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཁོང་གིས་བྱ་རིམ་ཆུང་ངུ་བརྒྱུད་དུས་ཐོག་ཏུ་གནས་ཚུལ་གོང་ཞུ་བྱས་པར་གྲོང་ཚོའི་ཏང་ཀྲི་པུས་འཕྲལ་དུ་བྱ་སྤྱོད་སྤེལ་ཞིང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་མཚན་མོ་དེ་རང་དུ་བཀོད་སྒྲིག་བྱས་ཏེ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཆུ་ལམ་བཤངས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད།
རེ་ཞུ་ཐག་གཅོད་ནུས་ལྡན་བྱེད་པ་ཕུད་ཁང་དམར་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ནས་ཞབས་ཞུ་དོན་ཐོག་ཏུ་འཁྱོལ་བར་བྱེད་ཀྱི་ཡོད། རྫོང་ཡོངས་ཀྱིས་གྲོང་ཚོ་རིམ་པའི་གཡུལ་སར་བརྟེན་ནས“རྒན་གཅིག་གཞོན་གཅིག”གི་ཉིན་མོའི་ལྟ་སྐྱོང་ཁང་36བསྐྲུན་ཏེ་རྒན་རྒོན་དང་བྱིས་པ་2200ལྷག་ཙམ་ལ་རྒྱུན་གཏན་གྱི་ལྟ་སྐྱོང་བྱེད་པ་དང་། སྨན་བཅོས་སྒྲིག་གཞིའི་སྨན་པ་གདན་དྲངས་ནས་སྐོར་སྐྱོད་འོས་འགན་སྨན་བཅོས་བྱས་ཏེ་གཅོང་ནད་ཡོད་པའི་རྒན་རྒོན་ཚོགས་སྤྱིར་བདེ་ཐང་རྩིས་ཁྲ་བཟོས་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ཡག་པོ་བྱས་ཡོད།
ཏང་འཛུགས་སྐྱོང་ཡག་པོ་བྱུང་ན་བཅོས་སྐྱོང་ཡག་པོ་ཡོང་ངེས་དང་ཞབས་ཞུ་ཡག་པོ་སྒྲུབ་ན་དམངས་སེམས་གཅིག་ཏུ་སྒྲིལ་ངེས་རེད། འབྲུ་དཀར་གྲོང་ཚོའི་བདེ་སྐྱིད་སྒོ་རའི་ནང་ཇ་ཡི་དྲི་ཞིམ་འཐུལ་བ་དང་ཡུལ་མི་མཚམས་གཅོད་ཀྱིས་གྲོགས་མོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་ཡོད་ཅིང་། “ད་ཆའི་འཚོ་བ་དངོས་གནས་སྐྱིད་པོ་རེད”ཅེས་པའི་བབ་ཆགས་པའི་སེམས་གཏམ་ནི་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
ས་གནས་དེ་གའི་ཁྱད་ཆོས་ལ་གཞི་ཚུགས་ནས་ཐང་རྒོད་དམངས་ཕྱུག་གི་ཞིང་ས་གཤིན་པོར་བསྒྱུར་བ།
ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་སྐྱེ་ཁམས་ཀྱི་ཐེག་ནུས་ཆེན་པོ་མེད་པའི་དོན་དངོས་ལ་དམིགས་ཏེ་ཁང་དམར་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཤིང་། ཆེ་རྔམ་ཆེ་གཉེར་མི་བྱེད་པ་དང་མུན་འཐོམས་ངང་རྗེས་སྙེག་མི་བྱེད་པར་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་དར་སྤེལ་བཏང་སྟེ། ས་རྒྱུ་ཞན་པའི་ཐང་རྒོད་དག་དམངས་ཕྱུག་གྲོང་དར་གྱི་འཕེལ་རྒྱས་ཀྱི་ཞིང་ས་གཤིན་པོར་བསྒྱུར་ཡོད།
ཉིང་རུ་སྟོད་ཤང་ནི་དེ་སྔ་གང་སར་རྡོ་ཧྲུག་གིས་ཁེངས་པ་དང་བ་ཚྭ་ཆེ་བའི་ཐང་རྒོད་ཆེན་པོ་ཞིག་ཡིན་པ་དང་། རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་སྐབས་ཤིག་རིང་འཕེལ་རྒྱས་ལ་ཚོད་འཛིན་ཕོག་ཡོད། ཤང་ཏང་ཨུད་ཀྱི་སྣེ་ཁྲིད་འོག་ཏང་ཡོན་དང་མང་ཚོགས་ཀྱིས་དཀའ་སྒྲུབ་དངོས་སྒྲུབ་བརྒྱུད་མུའུ་ཁྲི་2.3ཟིན་པའི་མི་ཐབས་གཟན་རྩྭའི་རྟེན་གཞི་བསྐྲུན་ཞིང་། མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་རྣམ་པར་བརྟེན་ནས། 2025ལོར་ཡུལ་དེ་ནས་སྔོ་རྩྭ་སྐམ་པོ་ཏུན་2000ལྷག་ཙམ་ཕྱིར་བཙོངས་པར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད། གཟན་རྩྭ་སྣ་གཅིག་གིས་སྐྱེ་ཁམས་ལེགས་སུ་བཏང་བ་དང་ཐང་རྒོད་སྔོ་འགྱུར་ཐུབ་པ་མ་ཟད། འབྲོག་ལས་ཐོན་ལས་སྟོབས་ཆེར་སོང་ནས་མང་ཚོགས་ལ་འབབ་འཕར་བརྟན་པོའང་བྱུང་ཡོད།
སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་གནས་རྙིང་ཤང་འབྲུ་དཀར་གྲོང་ཚོས“གནས་རྙིང་ཆིབས་ཐང་སྐྱེ་ཁམས་གླིང”བསྐྲུན་པ་དང་། དེར་སྲོག་ཆགས་རིགས་བཅུ་ལྷག་ཙམ་གསོ་ཚགས་བྱས་ཏེ་གཞིས་རྩེའི“གྲོང་ཚོའི་སྲོག་ཆགས་གླིང”ཐོག་མར་གྱུར་ནས་ལྟ་སྐོར་བྱེད་མཁན་མང་པོ་ཡོད། 2025ལོར་སྐྱེ་ཁམས་གླིང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་1.5ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། མང་ཚོགས་5ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད་བྱས་པ་མ་ཟད། ལས་གཉེར་ཡོང་འབབ་སྒོར་ཁྲི་25ལྷག་ཙམ་བྱུང་ནས་སྐྱེ་ཁམས་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་པའི་དམངས་ཕྱུག་ལམ་བུར་བསྐྱོད་ཡོད།
ཤེས་དཔལ་གྱི་ནང་དོན་ཟབ་ཏུ་བཏང་ནས་མཛེས་མཐུན་གྲོང་གསེབ་ཧུར་ཐག་བསྐྲུན་པ།
ཁང་དམར་རྫོང་གིས་གཟུགས་བརྙན་དང་བླ་སྲོག་གཏོད་རྒྱུ་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་གཞི་རྟེན་དུ་བྱེད་པ་དང་། ཡུལ་སྲོལ་གཏིང་ཟབ་སྒྱུར་བ། རིག་གནས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། གཞུང་དྲང་བབ་ཆགས་ཀྱི་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། ཤེས་དཔལ་དམངས་སྲོལ་ཆགས་པ་བཅས་བྱས་ནས་མིང་དོན་མཚུངས་པའི་མཛེས་མཐུན་གྲོང་ཚོར་འགྱུར་བར་བྱས་ཡོད།
གནས་རྙིང་གྲོང་ཚོར་སྐྱོད་སྐབས། གྲོང་ཚོའི་ལམ་ཆུང་གཙང་སྦྲ་དོད་ལ། ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཡོད་པའི་ཁྱིམ་སྲོལ་བཟང་པོའི་བསླབ་ཚིག་བསྒྲགས་བྱང་དེ་བས་མངོན་གསལ་དོད། “ལས་བརྩོན་ཕྱུག་འགྱུར་དང་། ཁྱིམ་མཚེས་འཆམ་མཐུན། རྒན་བཀུར་གཞོན་གཅེས། ཟོལ་མེད་ཡིད་རྟོན”སོགས་ཀྱི་བབ་ཆགས་པའི་བསླབ་ཚིག་ལས་ཁྱིམ་སྲོལ་འཛུགས་སྐྱོང་བྱེད་པ་རྒྱུན་གཏན་གྱི་འཚོ་བའི་ནང་འདྲེས་པ་དང་། ཡུལ་མིར་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་སྒྲུབ་ལ་ཕྱོགས་པ། དེ་བཞིན་འཆམ་མཐུན་མཉམ་གནས་བཅས་ལ་ཁྲིད་སྟོན་བྱས་ཏེ་ཁྱིམ་སྲོལ་བཟང་པོ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ནས། གྲོང་གསེབ་ཞི་མཐུན་བརྟན་ལྷིང་གི་བསམ་པའི་སྦྲེལ་ཐག་ཅིག་ཏུ་འགྱུར་བར་བྱས་ཡོད།
ཁང་དམར་རྫོང་གིས་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་རིག་གནས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་མང་ཚོགས་ལ་ཞབས་ཞུ་ལེགས་པར་བསྒྲུབས་ཡོད། 2025ལོ་ནས་བཟུང་རྫོང་ཡོངས་སུ་རྒྱུན་རྣམ་ཅན་གྱི་སྒོ་ནས“དགུན་དུས་དྲོ་སྐྱིད་སྦྱིན་པ་དྲུག”གི་ཤེས་དཔལ་ལག་ལེན་བྱེད་སྒོ་སྤེལ་ནས། ཞིང་ནང་མུ་ཁ་དང་ཞིང་འབྲོག་པའི་ཁྱིམ་དུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། བདེ་ཐང་འོས་འགན་སྨན་བཅོས། དམངས་ཕན་ཞབས་ཞུ་སོགས་སྤེལ་བ་རེད།
ས་མཐོའི་གྲོང་ཁྱེར་ཆུང་ངུ་ནས་ལྗོངས་ཡོངས་ཀྱི་དཔེ་མཚོན་ཁུལ་བར་ཁང་དམར་རྫོང་གིས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་རྒྱུགས་ལན་ཡག་པོ་ཕུལ་ཏེ། རྩ་འཛུགས་ཀྱི་མཁར་རྫོང་རྒྱུན་མཐུད་ངང་བརྟན་དུ་ཕྱིན་པ་དང་། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། གྲོང་གསེབ་ཀྱི་ཁོར་ཡུག་གནས་འཕྲོད་ལས་འཚམ་བྱུང་བ། མི་རིགས་ཁག་གི་མང་ཚོགས་བློ་ཁ་གཅིག་མཐུན་བཅས་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།