ཚོགས་འདུའི་དགོངས་དོན་ལེགས་པར་སྦྱངས། དོན་འཁྱོལ་ཞིབ་ཕྲ་ཡོང་བར་བྱས།
—— ཀོང་པོ་རྒྱ་མདའ་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དང་མི་དང་བྱ་བར་དོན་འཁྱོལ་ཞིབ་ཕྲ་བྱས་པའི་སྐོར་ལ་ལྟ་བ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》(གཤམ་དུ《ཆོད་དོན》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 《ཆོད་དོན》ནང་བཏོན་པའི་ཏང་གཤིས་ཟབ་ཏུ་ཇི་ལྟར་གཏོང་དགོས་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ཇི་ལྟར་བྱེད་དགོས་པ། འགན་འཁྲི་འཁུར་ཐུབ་པའི་ལས་བྱེད་པ་ཇི་ལྟར་འདེམས་དགོས་པ་དང་དོ་དམ་ཇི་ལྟར་བྱེད་དགོས་པ་སོགས་ནི་གཞི་རིམ་ལས་བྱེད་པར་སྤྱིར་ན་ཆ་རྒྱུས་ཡོད། འོན་ཀྱང་དོན་དག་འདི་དག་ཚང་མ་མི་ཐོག་ཏུ་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས།
དགུན་དུས་ཀོང་པོ་རྒྱ་མདའ་རྫོང་དུ་གྲང་རླུང་འུར་འུར་དུ་ལྡང་མོད། འོན་ཀྱང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་གཞི་རིམ་དང་། ཚོགས་ཁང་། གྲོང་ཚོ་བཅས་ཚང་མར་འཕྱུར་ནས་མི་སེམས་སུ་ཟུག་བཞིན་ཡོད་པ་རེད།
ཉེ་འགྲམ་ནས་སློབ་སྦྱོང་བྱེད་པ།
ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། ཀོང་པོ་རྒྱ་མདའ་རྫོང་གི་ལས་བྱེད་པ་གྲོང་སྡོད་ལས་དོན་སྐོར་གྱི་བཀོད་གཏོང་ཚོགས་འདུ་འཚོག་བཞིན་ཡོད། ཀོང་པོ་རྒྱ་མདའ་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཚེ་དབང་དགྲ་འདུལ་གྱིས། “《ཆོད་དོན》ནང་ཏང་གཤིས་ཟབ་ཏུ་གཏོང་དགོས་པའི་དོན་ཚན་དང་པོ་ནི་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོར་ཤུགས་སྣོན་རྒྱག་དགོས་ཞེས་འཁོད་ཡོད། ལྷག་བསམ་རྣམ་དག་ཞེས་པ་ནི་འབོད་ཚིག་སྒྲོག་པ་ཞིག་མིན་པར་དངོས་སུ་ལག་ལེན་དུ་བསྟར་དགོས་པ་ཞིག་ཡིན། ང་ཚོའི་མི་རབས་འདིས་ཟས་གོས་དཀོན་པའི་ལོ་རབས་བརྒྱུད་མྱོང་མེད།ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་བློ་སྐྱེད་ཕལ་ཆེ་བ་ནི་རང་ཉིད་ཀྱི་མྱོང་ཚོར་དངོས་ལས་བྱུང་བ་ཞིག་རེད། དཔེར་ན། དེ་སྔ་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་ད་དུང་ས་ལམ་མང་པོ་ཡོད་ཀྱང་ད་ཆ་སྤྱིར་ན་སྣུམ་ནག་ལམ་རེད”ཅེས་གྲོང་སྡོད་ལས་དོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་བཤད།
“རེད། ད་ཆ་གྲོང་ཚོའི་ནང་གི་ཁང་པ་ཡང་བ་ཚང་དང་མཉམ་དུ་སྦྲེལ་ནས་བསྐྲུན་མེད་པར་ཚང་མ་གྲལ་སྟར་འགྲིག་པའི་བདེ་སྡོད་ཁང་པ་རེད”ཅེས་ཉེ་འགྲམ་དུ་ཡོད་པའི་མཚོ་མགོ་ཤང་གི་ལས་བྱེད་པ་མ་ཨེར་ཅུན་གྱིས་མུ་མཐུད་ནས་བཤད་པ་དང་། ཁོང་གིས“ང་ཚོའི་གྲོང་ཚོ་ནི་ཐག་རིང་ལུང་ཁུག་ཏུ་གནས་མོད། འོན་ཀྱང་ལམ་ཤར་གཏོང་ཐུབ་པ་དང་གློག་སྐུད་ཀྱང་ཁྱིམ་དུ་ཁྲིད་ཡོད་པ་མ་ཟད་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོས་ཡོད། འགྱུར་ལྡོག་འདི་དག་ནི་གསོན་ཉམས་དོད་ཤོས་ཀྱི་བསླབ་གཞི་ཞིག་རེད། ‘ལྷག་བསམ་རྣམ་དག’ནི་མཐོང་རྒྱུ་མེད་པའི་ཐ་སྙད་སྟོང་པ་ཙམ་མིན་པར། དུད་ཚང་དུ་འཚམས་འདྲིར་སྐྱོད་ཐེངས་རེ་རེའི་སྐབས་སུ་དོན་འཁྱོལ་བྱས་ཡོད་ལ། ཏང་གི་སྲིད་ཇུས་ཇི་མ་ཇི་བཞིན་མང་ཚོགས་ལ་ཤོད་པ་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་བྱ་བ་རེ་རེ་བཞིན་ལེགས་པར་སྒྲུབ་པའི་བརྒྱུད་རིམ་ཁྲོད་དོན་འཁྱོལ་བྱས་ཡོད”ཅེས་བཤད།
མི་མང་འཛོམས་སར་གྲོས་བསྡུར་བྱེད་པ།
“འགོ་གཙོ་དང་པོ”ཡི་འགན་སྒྲུབ་དང་དབང་སྤྱོད་ཚད་ལྡན་དུ་བཏང་བ་ནི་གཞི་རིམ་ལས་བྱེད་པར་མྱོང་ཚོར་ཟབ་ཤོས་བྱུང་བའི་འགྱུར་ལྡོག་གི་གྲས་ཤིག་རེད།
ད་ལོའི་ཟླ་11པར། རྒྱ་ཤིང་ཤང་མི་དམངས་སྲིད་གཞུང་དང་མགྲོན་ཁང་བོགས་མར་ལེན་མཁན་དབར་གྱི་བོགས་གཏོང་གན་རྒྱ་མཚམས་བཞག་ནས་བོགས་མར་ལེན་མཁན་གསར་པ་ཞིག་བསྐྱར་དུ་བདམས་ཡོད། དེ་ཡང་སྔོན་གྱི་བོགས་མར་ལེན་མཁན་གྱིས་གན་རྒྱའི་ཁ་ཆད་ལས་ཐེངས་མང་འགལ་བ་མ་ཟད་བོགས་དངུལ་འགྱངས་ཆད་ཡུན་རིང་བྱས་ཡོད། ད་ཐེངས་ཐག་འདི་ལྟར་བཅད་དོན་ནི་ཤང་ཏང་ཨུད་ཀྱིས་བཅའ་ཁྲིམས་བློ་འདྲིའི་བསམ་འཆར་གང་ལེགས་ཉན་པ་དང་གན་རྒྱའི་ནང་གི་དོན་ཚན་རེ་རེར་ཞིབ་བཤེར་བྱས་རྗེས་ཐག་བཅད་པ་ཞིག་རེད། ཚོགས་འདུའི་ཐོག་ཚན་ཁག་གི་ཁོངས་མི་མི་རེ་ངོ་རེས་གཏམ་བཤད་སྤེལ་ནས་གན་རྒྱའི་འགན་འཁྲི་སྒྲུབ་པར་གསེད་བཀྲོལ་དང་། མཉམ་ལས་བྱེད་མཚམས་འཇོག་པར་ཚོད་སྐོར། རྗེས་མཐུད་ཐག་གཅོད་ལ་གྲོས་བསྡུར་བཅས་བྱས་ནས་ཚོགས་འདུ་ཆུ་ཚོད་གསུམ་ཙམ་འཚོགས་མཐར“གན་རྒྱ་མཚམས་འཇོག་པ་དང་། ཆད་པའི་བོགས་དངུལ་ཁྲིམས་ལྟར་བདའ་འདེད་གཏོང་བ། ཁྲོམ་རའི་རིན་གོང་ལ་བལྟས་ནས་བོགས་མར་ལེན་མཁན་བསྐྱར་དུ་འདེམས་པ”བཅས་བྱ་རྒྱུའི་ཐུན་མོང་བསམ་འཆར་གྲུབ་པ་རེད།
གྲོས་བསྡུར་བྱས་ནས་གྲོས་ཐག་མ་བཅད་པ་བྱས་མེད་ལ། “བརྒྱ་ཁ་གཅིག་གཅོད”ཀྱང་བྱས་མེད།
དོན་དག་གལ་ཆེན་གྱི་ཇུས་ཐག་གཅོད་པ་དང་། ལས་བྱེད་པ་གལ་ཆེན་གྱི་བསྐོ་འཐེན། གཙོ་གནད་རྣམ་གྲངས་བཀོད་སྒྲིག མ་དངུལ་འབོར་ཆེན་བེད་སྤྱོད་བཅས་བྱེད་དགོས་རིགས་ཚང་མ་ངེས་པར་དུ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པ་ལས་མི་སུ་ཞིག་གིས་ཀྱང་རང་དགར་ཐག་གཅོད་བྱས་ཆོག་གི་མེད། “ཞེད་དགོས་ཤོས་ནི‘བརྒྱ་ཁ་གཅིག་གཅོད’བྱེད་པ་ཡིན་ལ‘ཞི་འཇམ་བསྟུན་མཁས’བྱེད་པ་ཡང་ཡིན”ཞེས་རྒྱ་ཤིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་རིན་ཆེན་གྱིས་བཤད་ཅིང་། ཁོང་གིས“སྔ་མ་ལས་ནོར་འཁྲུལ་ཤོར་སླ་བ་དང་ཕྱི་མ་ལས་གནས་ཚུལ་ཐོན་སླ་པོ་ཡོད། དམངས་གཙོ་གཅིག་སྡུད་ལམ་ལུགས་ཞེས་པ་ནི་བསམ་འཆར་མི་འདྲ་བ་ཚང་མ་འདོན་དུ་བཅུག་ནས་མཐར་འཚམ་ཤོས་དང་དོན་དངོས་དང་མཐུན་ཤོས་ཀྱི་ཐུན་མོང་ངོས་འཛིན་ཞིག་གྲུབ་པ་བྱ་རྒྱུ་དེ་རེད”ཅེས་བཤད།
འཐབ་ས་དང་པོར་གསོ་སྦྱོང་བྱེད་པ།
ཀོང་པོ་རྒྱ་མདའ་རྫོང་གིས་ལས་བྱེད་པ་འདེམས་སྤྱོད་བྱེད་སྐབས་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་བརྩིས་ནས་ལས་འགན་གལ་ཆེན་དང་། དཀའ་ཁག་ཆེ་བའི་ལས་གནས། གཞི་རིམ་གྱི་འཐབ་ས་དང་པོ་བཅས་ནས་ལས་བྱེད་པ་དབྱེ་འབྱེད་བྱེད་པར་མཐོང་ཆེན་བྱེད་ཀྱི་ཡོད།
ད་ལོ་ལས་གནས་ཀྱི་དགོས་མཁོར་དབྱེ་ཞིབ་དང་ལས་བྱེད་པའི་འཇོན་ཐང་དང་བསྟུན་ཏེ། ཀོང་པོ་རྒྱ་མདའ་རྫོང་གིས་ཕུལ་བྱུང་གི་ལས་བྱེད་པ་དར་གཞོན་30ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཨུད་ཏང་གི་སློབ་གྲྭར་གཅིག་སྡུད་གསོ་སྦྱོང་བྱེད་པར་མངགས་པ་དང་། ལས་བྱེད་པ་6མངའ་རིས་ས་ཁུལ་དང་ནག་ཆུ་གྲོང་ཁྱེར་དུ་གནས་སྦྱར་སྦྱོང་བརྡར་བྱེད་པར་མངགས་པ། ན་གཞོན་ལས་བྱེད་པ་26རྣམ་གྲངས་འཛུགས་སྐྲུན་དང་། ཡིག་འབུལ་ཞུ་བཅར་དང་བརྟན་ལྷིང་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་གནས་སུ་སྦྱོང་བརྡར་བྱེད་པར་བཏང་ནས་རྙོག་འཛིང་ཆེ་བའི་ལས་ཀ་མང་པོའི་འགན་ཁུར་དུ་བཅུག་ཡོད།
མིག་སྔར་ཀོང་པོ་རྒྱ་མདའ་རྫོང་གི་སྐབས་གསར་པའི་ཚན་ཁག་གི་ཆ་སྙོམས་ལོ་ཚད་ལོ་36.3ཡིན་པ་དང་ལོ་35ཡས་མས་ཀྱི་ན་གཞོན་ལས་བྱེད་པས་61.62%ཟིན་ཡོད།
“སློབ་རྒྱུས་ལ་ལྟ་དགོས་ལ་ཉམས་མྱོང་ལ་དེ་བས་ཀྱང་ལྟ་དགོས་པ་དང་། མངོན་སུམ་གྱི་གྲུབ་འབྲས་ལ་ལྟ་དགོས་ལ་མངོན་མེད་ཀྱི་གྲུབ་འབྲས་ལ་དེ་བས་ཀྱང་ལྟ་དགོས། གནས་སྐབས་ཀྱི་ལས་རྗེས་ལ་ལྟ་དགོས་ལ་དུས་རྒྱུན་གྱི་ལས་རྗེས་ལ་དེ་བས་ཀྱང་ལྟ་དགོས”ཞེས་ཀོང་པོ་རྒྱ་མདའ་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལི་གཡོད་ཀྱིས་བཤད།
ཏང་གཤིས་ལ་མཐར་གཏུགས་ལག་ལེན་ཁྲོད་ནས་ཞིབ་དཔྱད་བྱེད་དགོས།
མཚོ་མགོ་ཤང་བྱེ་པ་གྲོང་ཚོའི་རྡོ་རྗེ་འཕྲིན་ལས་ཀྱིས་ན་ནིང་དམངས་སྲོལ་གནས་ཚང་གཉེར་བ་ལས་སྒོར་ཁྲི་30ལྷག་ཙམ་གྱི་ཡོང་འབབ་རག་པ་དང་ད་ལོ་ད་དུང་ཟ་ཁང་མང་དུ་བཏང་ཡོད། གྲོང་ཚོའི་ན་གཞོན་ལས་བྱེད་པས་ལག་ཁྱེར་གཉེར་བ་དང་། ཆུ་གློག་མཐུན་སྦྱོར། ལས་སྟེགས་སྦྲེལ་མཐུད། གསོ་སྦྱོང་སྒྲིག་འཛུགས་བཅས་བྱས་ནས་རྡོ་རྗེ་འཕྲིན་ལས་ཀྱི་བྱ་གཞག་ལེགས་འགྲུབ་ཡོང་བར་རང་ནུས་ཡོད་རྒུས་གཞོགས་འདེགས་བྱས་ཡོད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་2.34ཟིན་ནས་མང་ཚོགས་དེ་བས་མང་བར་ཁྱིམ་གྱི་སྒོ་རྩར་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བྱུང་ཡོད།
“དང་ཐོག་མང་ཚོགས་ཚོ་རྐུབ་རྡིབ་པར་ཞེད་ནས་དངུལ་གཏོང་ཕོད་ཀྱི་མི་འདུག ང་ཚོས་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་དང་མཉམ་དུ་ཏང་ཡོན་སྒྲིག་འཛུགས་ཀྱིས་སྔོན་ལ་ལག་ལེན་བསྟར་བ་ཡིན། དུད་ཚང་དང་པོར་སྒྱུར་བཀོད་ཟིན་རྗེས་མགྲོན་པོ་མང་དུ་ཕྱིན་ནས་ཡོང་འབབ་རག་སྟབས་དེ་རྗེས་ཀྱི་ལས་ཀ་ཚང་མ་ལས་སླ་རུ་ཕྱིན་སོང”ཞེས་ཤང་གྲོང་གི་ལས་བྱེད་པ་ཞིག་གིས་ཕྱིར་དྲན་བྱེད་བཞིན་བཤད།
“གསེར་གྱི་མིང་བྱང”ལྟ་བུར་གྱུར་པའི་བོད་ཕག་ཐོན་ལས་ཐད་ཀོང་པོ་རྒྱ་མདའ་རྫོང་གི་ན་གཞོན་ལས་བྱེད་པ་ཁག་གཅིག་གིས་ཞིང་ལས་ལག་རྩལ་པ་དང་མཉམ་དུ་ཐོན་ལས་གླིང་དང་གསོ་ཚགས་དུད་ཚང་དུ་བསྐྱོད་དེ་སྣ་ཁ་དང་། སྤུས་ཚད། སྤུས་རྟགས་བཅས་ཀྱི་ལས་དོན་རེ་རེ་བཞིན་ཞིབ་ཚགས་སུ་བཏང་བས“རྒྱུས་མངའ་མེད་མཁན”ནས“ཡུལ་དེའི་རིགས་གཅིག་མཁས་ཅན”དུ་གྱུར་ཡོད།
ཀོང་པོ་རྒྱ་མདའ་རྫོང་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཚང་མ་མི་དང་། བྱ་བ། འཚོ་བ་བཅས་ཀྱི་དོན་དངོས་རེ་རེའི་ཁྲོད་དུ་དོན་འཁྱོལ་ཐུབ་ཅིང་། སློབ་སྦྱོང་གང་འདྲ་བྱུང་མིན་དེ་མང་ཚོགས་ཀྱི་སེམས་ལ་ཧ་གོ་དོན་གསལ་ཡིན་ཏེ། དོན་དག་གྲུབ་པ་དང་། གྲོང་ཚོ་བདེ་ཞིང་སྐྱིད་པ། མི་སེམས་མཐུན་པ་བཅས་སོ།
འབྲེལ་ཡོད་གསར་འགྱུར།