བོད་ཀྱི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་གནད་སྨིན་ནུས་ཆེའི་ངང་དཀའ་ངལ་ཡོད་པའི་མང་ཚོགས་ཡོངས་ལ་ཁྱབ་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་རིམ་པ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་སྟེ། རོགས་སྐྱོབ་འགན་སྲུང་དེ་མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་དུད་ཚང་དང་གཏོང་སྒོའི་དཀའ་ངལ་ཡོད་པའི་དུད་ཚང་དུ་ཁྱབ་པར་སྐུལ་འདེད་གཏོང་བ་དང་། ཐ་སྐྱོང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རོགས་སྐྱོབ་ཚད་གཞི་བབ་བསྟུན་ལེགས་སྒྲིག་བྱེད་པ། སྡོད་གནས་སུ་མ་མཐའི་འཚོ་བ་འགན་ལེན་རེ་ཞུ་སྒྲུབ་གཉེར་གྱི་ཚོད་ལྟ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དམངས་འཚོའི་མཐའ་ཚད་ལ་དམ་འཛིན་བརྟན་པོ་དང་ཏན་ཏིག་ཡོང་བར་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ནས་2026ལོའི་བར། རིམ་རྩིས་བརྒྱབ་ན་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོཌ་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་56.5སྤྲད་ཡོད། ཟླ་9པའི་ཟླ་མཇུག་བར། 2026ལོར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་ཁྱོན་མི་ཁྲི་15.9དང་། དམིགས་བསལ་དཀའ་ངལ་ཡོད་པའི་རོཌ་སྐྱོབ་བསྙེན་བཀུར་བྱ་ཡུལ་མི་ཁྲི་1.4 མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་དུད་ཚང་དུ་གཏན་འཁེལ་བྱས་པའི་དུདཚང་7405 གཏོང་སྒོའི་དཀའ་ངལ་ཡོད་པའི་དུད་ཚང་217 གནས་སྐབས་རོགས་སྐྱོབ་བྱེད་པའི་མི(མི་ཐེངས)17554བཅས་འགན་སྲུང་བྱས་ཏེ། གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་4059སྤྲད་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལམ་ལུགས་ཐད་ཚད་བརྒལ་མང་པོ་ཡོང་བ་བྱས་ཏེ་གནས་སྐབས་རོགས་སྐྱོབ་ཀྱི་ཞིབ་དཔྱད་དང་ཞིབ་མཆན་འགོད་དབང་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་སྤྲད་པ་དང་། མ་མཐའི་འཚོ་བ་འགན་ལེན་གྱི“མི་གཅིག་དུད་ཚང”འགན་སྲུང་དང“རིམ་བཞིན་ཕྱིར་འཐེན་ལམ་སྲོལ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་མ་ཟད། ས་བབ་མཐོ་བའི་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ངལ་ནུས་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཏན་འཁེལ་བྱེད་པའི་ལོ་ཚད་ཀྱི་ཆ་རྐྱེན(ས་བབ་རིགས་གསུམ་པའི་ཁུལ་དུ་ལོ་58བར་ལྷུག་ཏུ་བཏང་བ་དང་ས་བབ་རིགས་བཞི་པའི་ཁུལ་དུ་ལོ་55བར་ལྷུག་ཏུ་བཏང་བ)ཡང་ལྷུག་ཏུ་བཏང་ཡོད་པ་རེད།
སྡོད་གནས་སུ་མ་མཐའི་འཚོ་བ་འགན་ལེན་རེ་ཞུའི་ཚོད་ལྟའི་ལས་དོན་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་བཏང་ནས་ཐེམ་ཐོའི་ཚད་བཀག་མེད་པར་བཟོས་ཤིང་། 2026ལོའི་ཟླ་6པར་དམངས་སྲིད་ཐིང་གིས《སྡོད་གནས་སུ་མ་མཐའི་འཚོ་བ་འགན་ལེན་རེ་ཞུའི་ཚོད་ལྟའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་བརྡ་ཐོ》བཀྲམ་སྟེ། སྡོད་གནས་སུ་མ་མཐའི་འཚོ་བ་འགན་ལེན་རེ་ཞུའི་ཚོད་ལྟའི་ལས་དོན་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་གདལ་གཏོང་བ་དང་། ཐེམ་ཐོའི་ཚད་བཀག་མེད་པར་བཟོ་བ། རྒྱུན་སྡོད་ས་གནས་སུ་མ་མཐའི་འཚོ་བ་འགན་ལེན་རེ་ཞུའི་ཚོད་ལྟའི་ལས་དོན་སྤེལ་བ་བཅས་བྱས་ནས། སྡོད་གནས་དང་ཐེམ་ཁོངས་གནས་ཡུལ་གཅིག་མཚུངས་མིན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བ་འགན་ལེན་རེ་ཞུ་བྱེད་པའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
དེ་དང་ཆབས་ཅིག་ཚད་གཞིའི་ཐད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པའི་བབ་བསྟུན་ལེགས་སྒྲིག་ལམ་སྲོལ་བཟོས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་2021ལོ་ལས་12.86%དང་14.43%སོ་སོར་འཕར་བ་དང་། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བསྙེན་བཀུར་ཚད་གཞི་དུས་མཚུངས་ལས་མཐོ་རུ་ཕྱིན་ཡོད། མིག་སྔར་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་12324ཟིན་པ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མི་རེར་ལོ་རེར་སྒོར་5790ཟིན་ཡོད། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁ་གསབ་ཚད་གཞི་སྒོར་16021དང་སྒོར་8684སོ་སོར་ཟིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།