དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྨན་བཅོས་ཆ་རྐྱེན་ལེགས་སུ་བཏང་། མང་ཚོགས་བདེ་ཐང་ལེགས་པར་བསྲུངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   པའེ་ཅན་ཧྥུང་། ལུའུ་ཧྥན་པིང་།   |     སྤེལ་དུས།  2026-11-24

    “རིམ་དབྱེའི་དཔྱད་བཅོས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཐག་ཉེ་སར་ནད་གཞི་བསྟེན་ཐུབ་པ་དང་སྨན་བཅོས་ཡག་པོ་ཐུབ་པར་བྱེད་དགོས”

    —— 2026ལོའི་ཟླ་བཅུ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་ནན་བཤད་གནང་ཡོད།

    མི་རིང་བའི་གོང་། ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་ལོ་དྲུག་ཅུ་ཙམ་ལ་སླེབས་པའི་གསེར་ཡུམ་མི་དམངས་སྨན་ཁང་དུ་ཟུངས་ཁྲག་གསིང་བཅོས་བྱེད་བཞིན་ཡོད། སྔོན་ཆད་སྨན་བཅོས་དེ་རིགས་བྱེད་པར་སྤྱི་ལེ་200ལྷག་ཙམ་ཆོད་པའི་ཡུལ་ཤུལ་གྲོང་ཁྱེར་དུ་འགྲོ་དགོས་པའི་ཁར་གངས་ཆར་བབས་ཚེ་གཞུང་ལམ་འགགས་ནས་སྨན་བཅོས་ཀྱི་དུས་ཚོད་འགྱངས་དགོས་ཀྱི་ཡོད། ད་ལོའི་ཟླ་བརྒྱད་པར། རྫ་སྟོད་རྫོང་མི་དམངས་སྨན་ཁང་དུ་མཚོ་སྔོན་གྱི་ས་བབ་མཐོ་ཤོས་ཀྱི་ཟུངས་ཁྲག་གསིང་བཅོས་ཁང་བཙུགས་པས། གསེར་ཡུམ་གྱིས་རང་ཁྱིམ་གྱི་སྒོ་རྩ་ནས་ཆེད་ལས་ཀྱི་སྨན་བཅོས་ལོངས་སྤྱོད་ཐུབ་ཡོད།

    “ས་མཐོའི་ནད་ནི་ས་མཐོར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རིང་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་བོད་ལྗོངས་སོགས་ཐག་རིང་ལུང་ཁུག་གི་སྨན་བཅོས་གནས་ཚུལ་ལ་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་གནང་ཞིང་། ཁོང་གིས“ད་ཆ་ཆ་རྐྱེན་དང་ལག་རྩལ་གྱི་ཆུ་ཚད་ཧ་ཅང་ཡག་ཏུ་ཕྱིན་ཡོད་ནའང་། དེའི་ཐད་ད་དུང་ཤུགས་སྣོན་རྒྱག་དགོས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཐག་རིང་ལུང་ཁུག་གི་ཞན་ཆ་སེལ་དགོས”ཞེས་གསུངས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཐག་རིང་ལུང་ཁུག་གི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་སུ་ཤུཌ་ཆེན་ཕྱིན་ཡོད་ལ། མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ་10ཚེས་12ཉིན་དང་ཚེས་13ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག “རིམ་དབྱེའི་དཔྱད་བཅོས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཐག་ཉེ་སར་ནད་གཞི་བསྟེན་ཐུབ་པ་དང་སྨན་བཅོས་ཡག་པོ་ཐུབ་པར་བྱེད་དགོས”ཞེས་དང་། “མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པར་འཕྲོད་བསྟེན་དང་བདེ་ཐང་ཁོངས་གཏོགས་ཀྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    རིགས་གཅིག་མཁས་ཅན་གཞི་རིམ་དུ་བསྐྱོད་པ་དང་ཚོགས་པ་བསྒྲིགས་ནས་རོགས་སྐྱོར་བྱས་ཏེ་སྤུས་ལེགས་ཐོན་ཁུངས་ནང་འདྲེན་བྱས་པ།

    2015ལོའི་ཟླ་བརྒྱད་པར། སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལག་ལེན་བསྟར་འགོ་ཚུཌ་ཤིང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད། 2021ལོའི་ཟླ་བརྒྱད་པར། ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བོད་ལྗོངས་ཀྱི་རྫོང་མི་དམངས་སྨན་ཁང་13སྨན་བཅོས་ཤེས་ལྡན་པའི“ཚོཌ་སྒྲིག་རྣམ་པའི”རོགས་སྐྱོར་ཁྱབ་ཁོངས་སུ་བཅུག་ནས“1+7+13”གྱི་རྣམ་པ་ཞིག་ཆཌ་པར་བྱས་ཡོད།

    “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་ཁག་12སྔ་རྗེས་སུ་བཅའ་སྡོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ནད་ཀྱི་སྡུག་བསྔལ་སེལ་རོགས་བྱས་པ་རེད།

    བོད་དུ“ནད་ཆེན”རིགས་400ལྷག་ཙམ་རང་སྐྱོང་ལྗོངས་ནས་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2000ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་སྨན་བཅོས་ཐུབ་པ། “ནད་ཆུང”མང་ཆེ་བ་རྫོང་ཁོངས་ནས་སྨན་བཅོས་ཐུབ་ཀྱི་ཡོད། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7གྱི་མི་དམངས་སྨན་ཁང་ཚང་མ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ལ་བཏོད་པ་དང་། གཙོ་གནད་རོགས་སྐྱོར་བྱ་ཡུལ་རྫོང་སྨན་ཁང་13ཁྲོད་ནས་སྨན་ཁང་7ཀ་པ་རིམ་པ་གཉིས་པར་བཏོད་ཡོད། “1+7”གྱི་རོགས་སྐྱོར་ཐོབ་པའི་སྨན་ཁང་ཚང་མར་བྲང་ཟུག་རྒྱག་པ་དང་། གཟའ་གྲིབ་ཕོག་པ། རྨས་སྐྱོན་བྱུང་བ། ཉེན་ཆེའི་སྦྲུམ་མ། ཉེན་ཆེའི་ཕྲུ་གུ་དམར་འབྱར་བཅས་ཀྱི་ལྟེ་གནས་ཆེན་པོ་ལྔ་བསྐྲུན་ཡོད།

    དགེ་རྒན་བསྟེན་ནས་ལག་རྩལ་སྦྱོང་བ་དང་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་ཅིག་བསྐྲུན་ཡོད།

    ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་པོར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཅིང་ཧོ་རྫོང་མི་དམངས་སྨན་ཁང་གི་སྙིང་ཁམས་ཁྲག་རྩའི་ཁོག་ནད་སྡེ་ཁག་གི་ཀྲུའུ་རེན་ཆི་ཝུན་མིང་གིས་སྔོན་ཆད་སྨན་བཅོས་ནུས་པ་ཆེ་རུ་འགྲོ་བར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས། “ལོ་20ལྷག་ཙམ་གོང་ང་རང་ལས་ཀར་ཞུགས་མ་ཐག་པའི་སྐབས། དེ་གའི་སྙིང་ཁམས་ཁྲག་རྩའི་སྨན་བཅོས་ཀྱི་ནུས་པ་ཧ་ཅང་ཞན་པོ་ཡོད། སྙིང་ཁམས་ཁྲག་རྩའི་བརྙན་པར་ལེན་དགོས་པའི་ནད་པ་འཕྲད་ཚེ། ཡུལ་གཞན་གྱི་སྨན་ཁང་ཆེ་གྲས་སུ་སྨན་བཅོས་བྱེད་པར་འགྲོ་རྒྱུའི་ཁ་ཏ་བསླབ་བྱ་བྱ་རྒྱུ་ལས་ཐབས་གཞན་གང་ཡང་མེད”ཅེས་བཤད། 

    ཉེ་བའི་ལོ་ཤས་རིང་། ཤིན་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཁག་མང་པོ་སླེབས་པ་དང་སྦྲགས། ཆི་ཝུན་མིང་ལའང་སློབ་སྦྱོང་གི་གོ་སྐབས་རྩ་ཆེན་ཞིག་རག་ཅིང་། ཤིན་སྐྱོར་རིགས་གཅིག་མཁས་ཅན་གྱིས་དམར་ཁྲིད་བྱས་པའི་འོག ཁོང་གིས་སྙིང་ཁམས་ཁྲག་རྩའི་བརྙན་པར་ལ་བརྟེན་ནས་གཤགས་བཅོས་ལེགས་སྒྲུབ་ཐུབ་པ་མ་ཟད། སྙིང་ཁམས་འཕར་ཚད་རམ་སྐྱོར་དང་། སྙིང་ཁམས་ཁྲག་རྩའི་འདེགས་སྐྱོར། མཁལ་མ་དང་གློ་བའི་འཕར་རྩའི་བརྙན་པར་སོགས་ཀྱི་ལག་རྩལ་གསར་པ་ཡང་ཤེས་ཡོད།

    དེ་ལྟ་བུའི་ལག་རྩལ་དམར་ཁྲིད་ཀྱི་གཏམ་རྒྱུད་ཉིན་ལྟར་ཐོས་རྒྱུ་ཡོད། གཤགས་བཅོས་ཁང་དུ་ཤིན་སྐྱོར་རིགས་གཅིག་མཁས་ཅན་གྱིས་དེ་གའི་རྐང་འཛིན་སྨན་པ་ཁྲིད་ནས་སྨན་བཅོས་ལག་རྩལ་སློབ་པ་དང་། རྐང་འཛིན་སྨན་པས་ཀྱང་ན་གཞོན་སྨན་པ་ཁྲིད་ནས་སྨན་བཅོས་ལག་རྩལ་སློབ་པ་མ་ཟད། སྒོ་བསྟེན་སྨན་ཁང་དང་ནད་ཁང་དུ་ན་ཚ་ལྟ་བ་དང་ནད་དེབ་འབྲི་བ་ནས་སྨན་བཅོས་ཀྱི་ཇུས་གཞི་བཟོ་བའི་བར། ཤིན་སྐྱོར་སྨན་པས་བརྒྱུད་རིམ་ཧྲིལ་པོར་དཔེ་སྟོན་སློབ་ཁྲིད་སོགས་བྱས་ཏེ“ནམ་ཡང་སེམས་གནས་ཐུབ་པའི་སྨན་བཅོས་རུ་ཁག”ཅིག་འཚར་ལོངས་བྱུང་ནས་ནད་པ་དེ་བས་མང་བ་སྨན་པ་བསྟེན་པར་ཐག་རིང་དུ་འགྲོ་མི་དགོས་པ་བྱུང་ཡོད།

    ཁ་གཏད་རོགས་སྐྱོར་དང་། སྐོར་སྐྱོད་སྨན་བཅོས། སྤུས་ཚད་གཅིག་མཚུངས་ཀྱི་ཞབས་ཞུ་བཅས་ཟུང་འབྲེལ་ཡག་པོ་ཐུབ་ཡོད།

    ད་ལོ་ནི་ཕུའུ་ཅན་དང་ཉིང་ཞ་དབར་མཉམ་ལས་བྱས་པའི་ལོ་30རེད། 1996ལོའི་ཟླ་བཅུ་པར་ཕུའུ་ཅན་ཞིང་ཆེན་གྱིས་ཉིང་ཞ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཤིང་། དེ་དུས་ཕུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་མཁན་བློ་མཐུན་ཞི་ཅིན་ཕིང་གིས་ཙུའུ་ཀྲང་གི་འགན་ཁུར་ནས་ཕུའུ་ཅན་ཞིང་ཆེན་དང་ཉིང་ཞ་རང་སྐྱོང་ལྗོངས་གཉིས་ཀྱིས་སྤྱི་ལེ་2000ལྷག་ཙམ་བརྒལ་བའི“རི་མཚོའི་བརྩེ་སེམས་ཟབ་མོའི”ལས་དོན་སྤེལ་ཡོད།

    དུས་ཡུན་རིང་པོའི་ནང་། ཕུའུ་ཅན་གྱི་སྨན་བཅོས་རིགས་གཅིག་མཁས་ཅན་40ལྷག་ཙམ་ཕུའུ་ཅན་མིན་ཉིང་གྲོང་རྡལ་དུ་གཞིས་ཚུགས་ནས་འཕྲོད་བསྟེན་ཁང་ལ་རང་རྐྱ་འཕེར་བའི་རིག་ཚན་སྣེ་ཁྲིད་པ་ཁག་གཅིག་གསོ་སྐྱོང་བྱས་པས། གཞི་རིམ་གྱི་སྨན་བཅོས་ཤེས་ལྡན་པ་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། མིན་ཉིང་གྲོང་རྡལ་འཕྲོད་བསྟེན་ཁང་རྒྱས་སྐྲུན་ཐེངས་མང་བྱས་པ་བརྒྱུད། ནད་བརྟག་ཚོན་པར་འཕྲུལ་ཆས་དང་། དཔྱད་ཆས་16ཅན་གྱི་དུང་འཁྱིལ་CT རང་འགུལ་ཅན་གྱི་སྐྱེ་རྫས་དབྱེ་ཞིབ་ཡོ་ཆས་སོགས་སྨན་བཅོས་སྒྲིག་ཆས་ཆེ་གྲས་སྒྲིག་སྦྱོར་བྱས་ཏེ་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་གཟུགས་པོ་བརྟག་དཔྱད་བྱེད་ཀྱི་ཡོད།

    2011ལོ་ནས་བཟུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལོ་ལྟར་རྒྱལ་ཁབ་ཀྱི་སྐོར་སྐྱོད་སྨན་བཅོས་རུ་ཁག་བཙུགས་ནས། དབུས་ནུབ་ཞིང་ཆེན་རྒྱུད་ཀྱི་ཞིང་ཆེན་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཞན་པའི་ས་ཁུལ་དུ་སྐོར་སྐྱོད་སྨན་བཅོས་བྱེད་པར་བསྐྱོད་ཡོད། 2025ལོར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱུན་རྣམ་ཅན་གྱི་སྐོར་སྐྱོད་སྨན་བཅོས་ལམ་ལུགས་འཛུཌ་རྒྱུའི་བླང་བྱ་བཏོན་ཞིང་། ད་ལོ་རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་རུ་ཁག་89བཙུགས་ནས། དབུས་ནུབ་རྒྱུད་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཞན་པའི་རྫོང་དང་། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་། གྲངས་ཉུང་མི་རིགས་འདུས་སྡོད་རྫོང་། མཐའ་མཚམས་ས་ཁུལ། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་བཅས་སུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་དེ་སྨན་བཅོས་ཐོན་ཁུངས་གནད་སྨིན་གཤམ་སྤེལ་དང་ནུས་ལྡན་ངང་ཁྱབ་པར་སྐུལ་འདེད་བཏང་ཡོད།

    བདེ་ཐང་གི་ལམ་བུར་མི་གཅིག་ཀྱང་མ་ལུས་པར་བྱེད་དགོས་ཤིང་། བདེ་ཐང་གི་ཀྲུང་གོ་བསྐྲུན་པར་དར་རྒྱས་ཆེ་བའི་ས་ཁུལ་ལ་ལྟ་དགོས་ལ། ཉམས་ཞན་ས་ཁུལ་ལའང་ལྟ་དགོས། ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞན་ཆ་བསལ་ཚེ་བདེ་ཐང་གི་ཀྲུང་གོ་བརྟན་པོ་ཞིག་སྐྲུན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།