བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་བཏང་བ།
—— བོད་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ཐད་གོམ་སྟབས་བརྟན་པོ་སྤོས་པ།
མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ལྟ་བུ་རེད་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་རེད།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་བ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དུས་རབས་གསར་པའི་བོད་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།
མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྩ་ཁྲིམས་ལྟེ་བར་བྱེད་པ་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་རྨང་གཞིར་བྱེད་པའི་ཁྲིམས་སྐྱོང་སྒྲོམ་གཞིའི་འོག ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། ཁྲིམས་ལྟར་རང་སྐྱོང་དབང་ཆ་ལུགས་མཐུན་ངང་སྤྱོད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བ་བཅས་བྱས་ཏེ། དམངས་གཙོ་ཆབ་སྲིད་རྒྱུན་མཐུད་སྲ་བརྟན་ཡོང་བར་སྐུལ་འདེད་བཏང་བ་རེད། 2025ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྒོ་རྩར་ཁྲིམས་བཟོའི་བསམ་འཆར་བསྡུ་ལེན་གྱི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། ཁྲིམས་སྲོལ་བཟོ་བ་དང་དག་བཅོས་ལ་དམིགས་ནས་རང་འགུལ་ངང་ལས་སྒོའི་སྡེ་ཚན་དང་གཞི་རིམ་གྱི་འཐབ་ས་དང་པོར་བསམ་འཆར་ཉན་པར་བསྐྱོད་དེ་ཁྲིམས་སྲོལ་དོན་ཚན་ལས“དམངས་སེམས”དེ་བས་ལེགས་པ་མངོན་པར་བྱས་པ་དང་། ལོ་འཁོར་མོར་རིམ་རྩིས་བརྒྱབ་ན་ཕྱོགས་ཁག་གིས་བཏོན་པའི་ཁྲིམས་སྲོལ་འཆར་ཟིན་སྐོར་གྱི་བསམ་འཆར་དང་གྲོས་འགོ་ཁག་2328བསྡུ་རུབ་བྱས་ནས། ཁྲིམས་སྲོལ་ཚང་མ་དམངས་འདོད་དང་ཡོངས་སུ་མཐུན་ལ་དྲོ་སྐྱིད་ལྡན་པ་ཞིག་ཡོང་བར་བྱས་ཡོད།
ད་ལོ་ལོ་37ལ་སླེབས་པའི་བཀྲ་ཤིས་རྒྱལ་མཚན་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པ་དང་བཅུ་བཞི་པའི་འཐུས་མིར་བསྟུད་མར་བདམས་ཐོན་བྱུང་ཡོད། ཁོང་གིས“ང་ནི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མིག་མཐོང་ལག་ཟིན་བྱུང་མཁན་ཞིག་ཡིན། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རང་ས་ཁུལ་དང་རང་མི་རིགས་ཀྱི་ལས་དོན་ལ་རང་བརྟེན་དོ་དམ་བྱེད་པའི་དབང་ཆ་གང་ལེགས་ལྡན་ཡོད་པར་ངའི་ཉམས་མྱོང་ལས་ར་སྤྲོད་བྱེད་ཐུབ”ཅེས་བཤད།
མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་སྣེ་ཁྲིད་མཁན་ཡིན་པའི་བཀྲ་ཤིས་རྒྱལ་མཚན་གྱིས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་གཉེར་ཞིང་། ཡུལ་སྐོར་གྱི་ཡོང་འབབ་བསགས་ནས་འབྱོར་འབྲིང་འཚོ་བ་བསྐྱལ་ཐུབ་ཡོད།
ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཤིང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་དུ། རང་ལྗོངས་ཀྱིས་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱེད་པ་དང་། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་བྱས་ཡོད།
དམངས་གཙོའི་ཐེ་ཞུགས་རྣམ་པ་དང་ཐབས་ལམ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་བ།
མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་སུ་གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་10བཙུགས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ལས་ཀའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་རིམ་ཁག་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་རྒྱ་ཁྱབ་བྱེད་པ་དང་མང་ཚོགས་ཀྱི་བསམ་ཚུལ་ཉན་པར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ནས་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཡོད། 2024ལོའི་ལོ་མཇུག་བར་རང་ལྗོངས་ཀྱིས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”790འཛུགས་གཏོད་བྱས་པ་དང་། གྲོང་ཚོ(སྡེ་ཁུལ)ཚང་མར་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་གཏུག་གི་བྱེད་སྒོ་ཁང་བཙུགས་ནས། མི་དམངས་མང་ཚོགས་ཀྱིས་ཡུལ་བབ་དམངས་འདུན་གོང་ཞུ་བྱེད་པར་ལས་སྟེགས་ནུས་ལྡན་མཁོ་འདོན་བྱས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྲོལ་རྗེས་ཀྱི་སྐབས་སུའང་འཐུས་མིས་འགན་ནུས་སྒྲུབ་པའི་བྱེད་སྒོ་སྔར་ལས་རྒྱུན་རྣམ་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བར་བྱས་ཡོད།
2024ལོར་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་དམར་ཐང་ཁྲོམ་གཞུང་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱིས་མང་ཚོགས་ལ་སྣེ་ལེན་ཞུ་སྐབས། ཁ་རུབ་ཆུས་བདེ་སྐྱིད་ཁུལ་ཆུང་གི་མང་ཚོགས་འཇམ་དབྱངས་དཔལ་མོས་ཁུལ་ཆུང་གི་རྐང་ཐང་ཁྲོམ་གཞུང་དུ་རླངས་འཁོར་གང་བྱུང་བཞག་པས་ཁུལ་ཆུང་གི་གྲོང་མིའི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་འདུག་ཅེས་གོང་ཞུ་བྱས། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་དེས《རེ་ཞུ་སྒྲུབ་གཉེར་གསལ་ཐོ》མགྱོགས་མྱུར་བཟོས་པ་དང་འབྲེལ་དམར་ཐང་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་འབྲེལ་བ་བྱས་ནས། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་དང་གྲོང་ཁྱེར་དོ་དམ་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་རླངས་འཁོར་འཇོག་ས་གཏན་འཁེལ་དང་། དོ་དམ་ཁྲིད་སྟོན་ལ་ཤུགས་སྣོན། དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་སོགས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཐག་གཅོད་བྱས་པས། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་བྱ་བ་དེ་ཐག་གཅོད་བློ་ཡིད་ཚིམས་པོ་ཞིག་བྱུང་ཡོད།
“གནད་དོན་ཐག་གཅོད་མགྱོགས་པོ་འདི་འདྲ་ཡོང་གི་རེད་བསམ་མ་བྱུང”ཞེས་གནད་དོན་ཐག་གཅོད་བྱུང་རྗེས་འཇམ་དབྱངས་དཔལ་མོས་བཤད་པ་དང་། ཁོང་གིས“ཁོང་ཚོས་ང་ཚོས་གོང་ཞུ་བྱས་པའི་དོན་དག་རང་གི་ལས་ཀར་བརྩིས་ནས་སྒྲུབ་ཀྱི་འདུག་པས་ད་ཆ་དཀའ་ངལ་ཡོད་ན་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས་ལ་ཐག་གཅོད་བྱེད་རོགས་ཞུ་བར་འགྲོ་རྒྱུ་དེ་ཚང་མའི་ཐུན་མོང་གི་གདམ་གར་གྱུར་ཡོད”ཅེས་བཤད།
གྲོས་མོལ་དམངས་གཙོའི་ནུས་པ་གང་ལེགས་བཏོན་པ།
གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་དམ་ཟབ་མཐའ་འཁྱོངས་ཀྱིས་གྲོས་མོལ་གྱི་རྣམ་པ་གསར་གཏོད་བྱེད་པ་དང་། གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་ལས་སྟེགས་བསྐྲུན་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་རྩོམ་རྒྱུར་རམ་འདེགས་བྱས་ཡོད།
2025ལོའི་ཟླ་1ཚེས་7ཉིན་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ཡོད། ཟླ་བཞི་པ་དང་ལྔ་པར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བརྟག་ཞིབ་ཚོགས་ཆུང་བཙུགས་ནས“ཞིང་པའི་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་པའི་སྡོད་ཁང་གི་སྤུས་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་མཉམ་དུ་བརྟག་ཞིབ་བྱས་ནས་ཡོམ་འགོག་གེགས་སེལ་ལ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཡོད། ཟླ་བདུན་པར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་དང་མཉམ་དུ་དམངས་གཙོའི་ལྟ་སྐུལ་བྱས་ནས་གེགས་རྗེས་བསྐྱར་སྐྲུན་གྱི་སྲིད་ཇུས་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་རམ་འདེགས་བྱས་པས། དུད་ཚང་ཁྲི་3.25ལྷག་ཙམ་གྱི་སྡོད་ཁང་བསྐྱར་སྐྲུན་དང་ཉམས་བཟོ་བརྟན་གཏོང་ཚང་མ་ལས་མཇུག་འགྲིལ་བ་མ་ཟད། གནོད་འཚེ་ཕོག་པའི་མང་ཚོགས་ལ་རྩིས་སྤྲད་ཡོད།
བོད་ཀྱི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། 2025ལོའི་ཟླ་8ཚེས་15ཉིན་སླར་གསོ་བསྐྱར་སྐྲུན་སྡོད་ཁང་ཁག་དང་པོར་སྤོ་བའི་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཤང་ཟིང་དཀར་གྲོང་ཚོར་གཉེར་བ་དང་། ཁག་དང་པོར་གནོད་འཚེ་ཕོག་པའི་དུད་ཚང་2578ཀྱི་མང་ཚོགས་12139ཁང་པ་གསར་པར་སྤོས་ཡོད།
དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་རང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཧུར་ཐག་ཞུགས་ཡོད། བོད་ལུགས་གསོ་རིག་གི་ལས་དོན་པ་ཞིག་ཡིན་པའི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་འཇམ་དབྱངས་ཀྱིས་འཕྲལ་མར་སྨན་རྫས་གྲ་སྒྲིག་བྱས་པ་དང་སྨན་དོན་པ་10ཁྲིད་དེ་གེགས་ཁུལ་དུ་བསྐྱོད་ཡོད། ཁོང་གིས“ང་ཚོ་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་རང་འཁྲིའི་ལས་ཀའི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་དང་། སྲིད་གྲོས་ལས་ཀའི་ཁྲོད་ཀྱི་བྱེད་པོའི་ནུས་པ། རིགས་ཁོངས་མང་ཚོགས་ཁྲོད་ཀྱི་འཐུས་མིའི་ནུས་པ་བཅས་གང་ལེགས་འདོན་དགོས་པ་མ་ཟད། ད་དུང་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ནས་དེང་རབས་སྲིད་གྲོས་ཨུ་ཡོན་གྱི་ཉམས་འགྱུར་མངོན་པར་བྱེད་དགོས”ཞེས་བཤད།
ལོ་ལྔའི་རིང་རང་ལྗོངས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་སྔར་བས་སྲ་བརྟན་དང་འཕེལ་རྒྱས་ཕྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྲིམས་ལྟར་འདེམས་བསྐོའི་དབང་ཆ་དང་། གནས་ཚུལ་ཤེས་དབང་། ཐེ་ཞུགས་བྱེད་དབང་། སྐད་ཆ་ཤོད་དབང་། ལྟ་སྐུལ་བྱེད་དབང་བཅས་ཀྱི་ལམ་ལུགས་འགན་ལེན་སྔར་བས་བརྟན་དུ་སོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དེ་བས་རྒྱ་ཁྱབ་དང་། གང་ལེགས། འཐུས་ཚང་བཅས་བྱུང་ཡོད། ལམ་ལུགས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་བཅོས་སྐྱོང་གི་ནུས་ཕྱོད་དུ་གྱུར་པ་དང་བསྟུན་ནས་དུས་རབས་གསར་པའི་བོད་ཀྱི་དམངས་གཙོའི་ཆབ་སྲིད་ལ་རྣམ་པ་དེ་བས་གསར་རྐྱང་ཞིག་གཏོད་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།