བོད་ལྗོངས་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ས་མཐོའི་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་པ།

འདི་ནི་མི་དམངས་ཉེན་རྟོག་པ་ལི་ཧུང་ཡན་གྱིས་འབྲོག་པར་བཅའ་ཁྲིམས་ཁྱབ་གདལ་གཏོང་བཞིན་པ།

འདི་ནི་མི་དམངས་ཉེན་རྟོག་པ་ལི་ཐེན་ཅའོ་དང་ལི་ཧུང་ཡན་གྱིས་བུ་བཅོལ་ཁང་གི་ཕྲུ་གུ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་བྱེད་བཞིན་པ།

འདི་ནི་མི་དམངས་ཉེན་རྟོག་པ་ལི་ཧུང་ཡན་གྱིས་ས་ཁུང་གྲོང་ཚོའི་དུད་ཚང་དུ་བྱིས་པར་འཚམས་འདྲི་བྱེད་བཞིན་པ།

འདི་ནི་བྱིས་པ་ཚོས་གྱང་ངོས་སུ་དབྱར་ཁའི་ཡུལ་ལྗོངས་འབྲི་བཞིན་པ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ས་ཁུང་གྲོང་ཚོའི་ས་བབ་སྨི་5373ཟིན་པས་ཀུན་གྱིས“འཚོ་གནས་དཀའ་ཁུལ”ཞེས་འབོད་ཀྱི་ཡོད།
དེ་གའི་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ལས་མེད་པ་དང་། ལོ་ཧྲིལ་པོར་ཟླ་བ་བཅུའི་རིང་ཁ་བ་བབས་ཀྱི་ཡོད་པས་ལྗོན་ཤིང་སྐྱེ་རྒྱུ་ལྟ་ཞོག་རྩྭ་ཕྲན་ཡང་གསོན་པར་དཀའ།
དེ་ལྟར་དཀའ་ཚེགས་ཆེ་བའི་ཕུ་མ་བྱང་ཐང་ཤང་གི་མཐའ་མཚམས་མངགས་གཏོང་ཁང་གི་བུད་མེད་ཉེན་རྟོག་པ་ལི་ཧུང་ཡན་དང་། ཝུའུ་ཧུའེ། ལི་ཐེན་ཅའོ་བཅས་གསུམ་པོས་གྲོང་གསེབ་ཀྱི་གྱང་ངོས་སུ“དབྱར་གྱི་ཉམས་འགྱུར”བྲིས་ནས་ས་མཐོའི་བུ་ཕྲུག་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ་རེད།
གྲང་ངར་ཆེ་བའི་དགུན་དུས་སུ“དྲོ་འཇམ་ཉི་མ”ཤར་བ།
ལྷོ་ཕྱོགས་སུ་རྒྱང་ལྟ་བྱས་ཚེ། འཁྱགས་པས་བསྡམས་པའི་མཚོ་ངོས་ནི་ཆུ་ཤེལ་ལྟར་དྭངས་ཤིང་གསལ་ལ། མཐའ་སྐོར་གྱི་གངས་རི་མུ་ལ་མུ་ཁྱུད་ངང་འགྱིང་ངེར་གནས། སྦྲག་འཁོར་ལྷོ་ཁ་གྲོང་ཁྱེར་ནས་ཐོན་ཏེ་ཆུ་ཚོད་5ཙམ་རི་ཀླུང་མང་པོ་བརྒལ་མཐར་ཕུ་མ་བྱང་ཐང་ཤང་དུ་བསླེབས།
“གསར་དུ་ཉོས་པའི་ཚོན་རྩི་འབྱོང་སོང”ལི་ཧུང་ཡན་དགའ་སྤྲོ་ཆེན་པོས་མངགས་གཏོང་ཁང་ནས་ཐོན་ཏེ་སྦྲག་འཁོར་འགྲམ་དུ་རྒྱུག་ནས“‘པན་ཀྲང་ལགས’ཀྱིས་སྔོན་ཆད་མངགས་གཏོང་ཁང་གིས་ཟླ་བ་རེར་མང་ཤོས་རླངས་འཁོར་ཐེངས་གཉིས་མངགས་ནས་རྫོང་གྲོང་དུ་བསྐུར་མ་ལེན་པར་འགྲོ་དགོས་ཟེར། ད་ཆ་ཉིན་7ནང་འབྱོར་གྱི་འདུག དངོས་འབྲེལ་སྟབས་བདེ་པོ་འདུག”ཅེས་བཤད།
སྦྲག་འཁོར་ཤར་གཏོང་ཐུབ་པས་ཟོག་འགྲུལ་གྱི་མྱུར་ཚད་ཀྱང་མགྱོགས་སུ་ཕྱིན་ཡོད། ཡིན་ན་ཡང་། ཕུ་མ་བྱང་ཐང་གི་ཕྲུ་གུ་ཚོའི་སེམས་སུ་ཐུན་མོང་གི་བསམ་འདུན་ཞིག་ཡོད་པ་དེ་ནི་དབྱར་གྱི་ཉམས་འགྱུར་ལ་ལྟ་རྒྱུ་དེ་རེད། དེ་ནི་ལི་ཧུང་ཡན་གྱི་བསམ་འདུན་ཡང་ཡིན་པ་རེད།
དབྱར་གྱི་ཉམས་འགྱུར་གཏན་ནས་མཐོང་མྱོང་མེད་པའི་ས་མཐོའི་ཕྲུ་གུ་ཚོར་དབྱར་ཟླ་ར་བའི་དཔལ་ཡོན་དང་ཕྱི་རོལ་གྱི་འཇིག་རྟེན་གྱི་མཛེས་པ་མཐོང་དུ་འཇུག་ཆེད། ལི་ཧུང་ཡན་གྱིས་ཚོན་སྨྱུག་སོགས་རི་མོ་འབྲི་ཆས་ཆ་ཚང་ཉོས་རྗེས་ངལ་གསོའི་སྐབས་སུ་ཝུའུ་ཧུའེ་དང་ལི་ཐེན་ཅའོ་དང་མཉམ་དུ་དབྱར་གྱི་མཛེས་ཉམས་གྲོང་ཚོའི་གྱང་ངོས་སུ་བྲིས་པ་རེད།
ལྷིང་འཇགས་ཀྱི་ཕྱི་དྲོ་མང་པོ་ཞིག་ལ། བུད་མེད་ཉེན་རྟོག་པ་གསུམ་གྱིས་གྲོང་གསེབ་ཀྱི་གྱང་ངོས་སུ་དགུང་སྔོན་དང་སྤྲིན་དཀར་དེ་བཞིན་སྔོ་ཞིང་ལྗང་བའི་རྩི་ཤིང་དང་འཕུར་ལྡིང་གར་ལ་རོལ་བའི་ཁྲུང་ཁྲུང་སོགས་བྲིས། གཟའ་འཁོར་གཅིག་ལྷག་འབད་བརྩོན་བྱས་པ་བརྒྱུད། དེ་སྔ་སྐྱ་ཐེར་ཐེར་གྱི་གྱང་ངོས་དག“དབྱར་གྱི་དཔལ་ཡོན་རབ་ཏུ་བཞད་པའི་རི་མོར”གྱུར་ནས་ས་ཁུང་གྲོང་ཚོའི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་གྱུར་ཡོད་པ་རེད།
“དབྱར་གྱི་དཔལ་ཡོན་བྲིས་པའི་གྱང་ངོས”ཀྱིས་སྐྱོ་སྣང་དང་གྲང་ཟུག་བཀག་སྟེ། ཕྲུ་གུ་ཚོར་དབྱར་གྱི་ཉམས་འགྱུར་མཐོང་དུ་བཅུག་པ་མ་ཟད། ད་དུང་ཁོང་ཚོའི་སེམས་ལ་འཚོ་བར་དགའ་ཞེན་དང་འཚོ་བར་བཅངས་པའི་རེ་འདུན་གྱི་ས་བོན་ཡང་བཏབ་ཡོད། ལག་པས་བྲིས་པའི“དབྱར་ཟླ་ར་བ”འདི་ནི་གྲོང་ཁྱེར་ཆེན་པོ་ནས་ཡོང་སྟེ་མཐའ་མཚམས་བརྟན་སྲུང་བྱེད་མཁན་བུད་མེད་ཉེན་རྟོག་པ་གསུམ་གྱིས་ས་མཐོའི་ཕྲུ་གུ་ཚོར་ཕུལ་བའི་ལེགས་སྐྱེས་དང་གངས་ལྗོངས་མཐའ་མཚམས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་རེད།
གསབ་སྦྱོང་འཛིན་གྲྭའི“བོད་ཡིག་སློབ་ཚན”
ཆ་རྐྱེན་ཞན་པའི་ཐག་རིང་ལུང་ཁུག་ཏུ་གནས་རྐྱེན་ཕུ་མ་བྱང་ཐང་གི་ཕྲུ་གུ་ཚོར་དགུན་གསེང་སྐབས་སློབ་སྦྱོང་བྱེད་ས་ཡག་པོ་ཞིག་མེད། དེར་བརྟེན་མངགས་གཏོང་ཁང་གིས་ས་ཁུང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དང་མཉམ་དུ་གཏོགས་ཁོངས་དེའི་གཅིག་སྡུད་གསོ་རླུང་མཁོ་འདོན་ཁང་པ་ཞིག་ནང“གསོ་རླུང་ཡོད་པའི་གསབ་སྦྱོང་འཛིན་གྲྭ”ཞིག་གཉེར་བར་བུད་མེད་ཉེན་རྟོག་པ་གསུམ་གྱིས་སློབ་རོགས་བྱིས་སྐྱོང་གི་འགན་འཁྲི་འཁུར་གྱི་ཡོད།
དགུན་གསེང་འཇོག་པའི་སྐབས་ནི་ས་མཐོར་གྲང་ངར་ཆེ་བའི་སྐབས་ཡིན་ལ་ངལ་གསོ་ཡང་བཞག་ཟིན་པས། ལི་ཐེན་ཅའོ་དང་། ཝུའུ་ཧུའེ། ལི་ཧུང་ཡན་བཅས་ཀྱིས་ངལ་གསོའི་དུས་ཚོད་བློས་བཏང་ནས་ཟབ་སྦྱོང་འཛིན་གྲྭ་གཉེར་ཏེ་ས་མཐོའི་ཕྲུ་གུ་ཚོའི་སློབ་ཕྱིའི་དགེ་རྒན་བྱེད་ཀྱི་ཡོད། ལི་ཐེན་ཅའོ་ཡིས་ངང་རྒྱུད་རིང་པོས་ཕྲུ་གུ་ཚོར་སློབ་སྦྱོང་གི་དཀའ་གནད་སེལ་རོགས་དང་རྒྱ་ཡིག་གི་སྒྲ་འདོན་སྟངས་དང་འབྲི་སྟངས་བསླབ་པ་དང་། ཝུའུ་ཧུའེ་ཡིས་ཕྲུ་གུ་ཚོར་བདེ་འཇགས་ཤེས་བྱ་དང་། ཁྲིམས་སྐྱོང་རྒྱུན་ཤེས། མཐའ་སྲུང་གཏམ་རྒྱུད་བཅས་བཤད་དེ་ཁོང་ཚོར་རང་ཉིད་སྲུང་སྐྱོབ་བྱེད་སྟངས་དང་བཅའ་ཁྲིམས་ལ་གུས་སྐྲག་ཤེས་དགོས་ལུགས་སློབ་ཀྱི་ཡོད། ལི་ཧུང་ཡན་གྱིས་མཛེས་རྩལ་གྱི་ཁྱད་ཆོས་བཏོན་ཏེ་ཕྲུ་གུ་ཚོར་རི་མོ་འབྲི་སྟངས་དང་། ལག་བཟོས་ཆུང་ངུ་བཟོ་སྟངས། རྒྱལ་དར་འབྲི་སྟངས་བཅས་བསླབས་ནས་ཁོང་ཚོར་འཛམ་གླིང་ལ་ཤེས་རྟོགས་དང་འཚོ་བར་དགའ་ཞེན་བྱེད་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡོད།
ལི་ཐེན་ཅའོ་ཡིས་རང་ཉིད་ལའང་དམིགས་ཚད་ཆུང་ཆུང་ཞིག་བཟོས་པ་དེ་ནི་ཉིན་ལྟར་བོད་སྐད་ཚིག་རེ་སྦྱངས་ཏེ་ཕྲུ་གུ་ཚོ་དང་སེམས་ཐག་ཉེ་རུ་གཏོང་རྒྱུ་དེ་རེད།
བོད་སྐད་སྦྱངས་ནས་རིག་གནས་ལ་རྒྱུས་ལོན་དང་མཛའ་བརྩེ་ཟབ་ཏུ་སོང་ཞིང་། བོད་སྐད་སྦྱངས་ནས་གང་འཚམ་སོང་རྗེས་ད་ཆ་བུད་མེད་ཉེན་རྟོག་པ་དེས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་སྐབས་ཁམས་བཟང་ཞེས་བོད་སྐད་བདེ་མོ་ཞིག་བརྒྱབ་ཀྱི་ཡོད་ལ། བོད་སྐད་ཤེས་པས་ཕྲུ་གུ་ཚོར་དེ་བས་ཀྱང་རྒྱུས་ལོན་གསལ་པོ་ཐུབ་ཀྱི་ཡོད།
བུད་མེད་ཉེན་རྟོག་པས་འདི་གའི་ཕྲུ་གུ་རྣམས་སྲུང་སྐྱོང་ཧུར་ཐག་བྱེད་བཞིན་ཡོད་ལ། ཕྲུ་གུ་ཚོས་ཀྱང་རང་ཉིད་ཀྱི་ཐབས་ལ་བརྟེན་ནས་ཁོང་ཚོར་དྲོད་འཁོལ་སྦྱིན་བཞིན་མཆིས།
མཉམ་དུ་འགྲོགས་པའི་ལོ་ཟླར་དྲོད་འཁོལ་ཟབ་མོས་ཁེངས།
ལོ་གཉིས་གོང་གི“དྲུག་གཅིག”བྱིས་པའི་དུས་ཆེན་ལ་མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་གདན་ཞུས་ལྟར་བུ་བཅོལ་ཁང་གི་བྱེད་སྒོར་ཞུགས། ཝུའུ་ཧུའེ་ཡིས་བྱང་ཆུབ་པོ་དེ་ཙམ་མེད་པའི་བོད་སྐད་ཐོག་ནས་མཁུར་ཚོས་དམར་བའི་བུ་མོ་སྒྲོལ་དཀར་ལ“བུ་མོ་རང་སྙིང་རྗེ་བ་ལ”ཞེས་བཤད་པ་དང་། དེ་ནས་ཝུའུ་ཧུའེ་ཡིས་མཉམ་དུ་པར་ཞིག་བརྒྱབ་ན་ཡོང་མིན་འདྲི་སྐབས་སྒྲོལ་དཀར་གྱིས་ལམ་སེང་ཡོང་གི་རེད་ཅེས་བཤད་པས། ཁོང་གཉིས་ཀྱིས་མཉམ་པར་ཐེངས་དང་པོ་དེ་བརྒྱབ།
ལས་འཕྲོ་ཞེས་པ་དེ་ནི་ཁྱད་མཚར་པོ་ཞིག་ཅི་ལ་མིན། ལོ་གཉིས་པར་བུ་བཅོལ་ཁང་གི་བྱེད་སྒོར་སྒྲོལ་དཀར་གྱིས་ཝུའུ་ཧུའེ་ལམ་སེང་ངོ་ཤེས་ནས་མཉམ་པར་ཐེངས་གཉིས་པ་དེ་བརྒྱབ།
2026ལོའི་གྲོང་གསེབ་ཀྱི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལ་མི་ཚོགས་ཁྲོད་དུ་སྒྲོལ་དཀར་ཐད་ཀར་ཝུའུ་ཧུའེ་ཡོད་སར་རྒྱུག་ཡོང་སྟེ་ཁོང་གི་ལག་ནས་དམ་པོར་འཇུས་ཏེ“མདང་དགོང་རྨི་ལམ་ནང་ཁྱེད་རང་བཏང་བྱུང་། དེ་རིང་འདི་གར་ཐུག་པས་ཧ་ཅང་དགའ་པོ་བྱུང”ཞེས་སྒྲོལ་དཀར་གྱི་ངོ་གདོང་ལས་བཅོས་མིན་གྱི་འཛུམ་མདངས་ཤིག་མངོན་འོང་།
ཁོང་གཉིས་ཐེངས་ཁ་ཤས་ལས་འཕྲད་མྱོང་མེད་ནའང་བུ་མོ་ཆུང་ཆུང་དེས་ཁོང་སེམས་ལ་ངེས་ཡོད། སྒྲོལ་དཀར་གྱིས་སོ་སོའི་རོགས་པ་བོས་ཏེ་སྤོབས་སེམས་ཆེན་པོས་ལག་ཐོགས་ཁ་པར་ནང་གི་ཝུའུ་ཧུའེ་དང་མཉམ་དུ་བརྒྱབ་པའི་པར་དེ་བསྟན། ཟོལ་མེད་ཀྱི་ལྷག་བསམ་དེར་ཝུའུ་ཧུའེ་སེམས་འགུལ་ཚད་མེད་ཐེབས་ཤིང་། སྒྲོལ་དཀར་དང་ཁོ་མོའི་རོགས་པ་ཆུང་ཆུང་ཚོ་དང་མཉམ་པར་ཐེངས་གསུམ་པ་དེ་བརྒྱབ།
དྲོ་སྐྱིད་ལྡན་པའི་སྣང་ཚུལ་འདི་ལྟ་བུ་ཕུ་མ་བྱང་ཐང་དུ་ད་དུང་མང་པོ་མཐོང་རྒྱུ་ཡོད།
ཕྲུ་གུ་ཚོ་དང་འབྲེལ་འདྲིས་བྱེད་པའི་བྱ་བ་ཆུང་ཙག་དེ་དག་གིས་ཉེན་རྟོག་པ་ཚོ་ལའང་དྲོད་འཁོལ་ཟབ་མོ་སྦྱིན་ཡོད། ཕྲུ་གུ་ཞིག་གིས“ང་ཡང་ཆེན་པོ་ཆགས་རྗེས་མཐའ་སྲུང་ཉེན་རྟོག་པ་ཞིག་བྱས་ནས་ཕ་ཡུལ་དང་མེས་རྒྱལ་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་བློ་རྩ་བརྟན་པོས་བཤད་པ་དང་། ད་དུང་ཕྲུ་གུ་ཞིག་གིས་རང་ཉིད་ཀྱིས་བྲིས་པའི་རི་མོ་དང་ས་མཐོའི་གྲམ་རྡོ་ལག་རྟགས་སུ་བརྩིས་ནས་མངགས་གཏོང་ཁང་གི་སྒོ་འགྲམ་དུ་བཞག
འདི་གར་ཕྲུ་གུ་ཚོའི་ཡིད་ཆེས་ཐོབ་པ་ནི་བདེ་སྐྱིད་ཅིག་ཡིན་ལ། འགན་འཁྲི་ལྕི་པོ་ཞིག་དེ་བས་ཀྱང་ཡིན།
གྲང་ངར་ཆེ་བའི་གངས་ལྗོངས་ས་མཐོར་བུད་མེད་ཉེན་རྟོག་པ་གསུམ་པོས་ངང་རྒྱུད་རིང་པོ་དང་སེམས་རྩ་འཁོལ་པོར་བརྟེན་ནས་ས་མཐོའི་བྱིས་པ་ཚོའི་སྲུང་དམག་བྱས་ཏེ། པིར་སྨྱུག་གིས་དབྱར་གྱི་མཛེས་ལྗོངས་རི་མོར་བཀོད་ཅིང་། ཤེས་བྱས་ཕུགས་བསམ་གྱི་ལམ་བུར་འོད་སྣང་སྦྱིན་ཡོད་ལ། མཉམ་དུ་འགྲོགས་ནས་བྱིས་པར་དྲོ་སྐྱིད་ཀྱང་སྦྱིན་ཏེ་མཐའ་མཚམས་སུ་ཕྲུ་གུ་ཚོར་དྲོ་སྐྱིད་ལྡན་པའི་གནམ་ས་ཞིག་གཏོད་བཞིན་ཡོད། “ང་ཚོས་འོད་སྣང་སྦྱིན་མཁན་ཞིག་བྱས་ནས་ཕྲུ་གུ་ཚོའི་སེམས་ཀྱི་ཞིང་སར་རྒྱལ་གཅེས་དང་། དཔའ་ངར་ཆེ་བ། བློ་བརྟན་འགྱུར་མེད། མཛེས་སྡུག་ལྡན་པ་བཅས་ཀྱི་རེ་བའི་མྱུ་གུ་འབུས་པར་བྱེད་འདོད་ཡོད”ཅེས་པ་ནི་བུད་མེད་ཉེན་རྟོག་པ་གསུམ་པོའི་ཐུན་མོང་གི་བསམ་འདུན་རེད།
འབྲེལ་ཡོད་གསར་འགྱུར།