མཚོ་སྔོན་གྱི་ཀོ་ཕིག་ཟློས་གར་ཐོན་ལས་གླིང་ཐོག་མ་དེ་སྒོ་བྱང་བཀལ་ནས་བཙུགས་པ།
ཟླ་11ཚེས་12ཉིན་མཚོ་སྔོན་ཞིང་ཆེན་གྱི་ཀོ་ཕིག་ཟློས་གར་ཐོན་ལས་གླིང་ཐོག་མ་སྟེ་ནུབ་རྒྱུད་རྒྱལ་སྤྱིའི་གྲངས་གཞིའི་ལྟེ་གནས་ཀོ་ཕིག་ཟློས་གར་ཐོན་ལས་གླིང་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་སུ་སྒོ་བྱང་བཀལ་ནས་བཙུགས་པ་རེད། གླིང་ཁུལ་གྱིས་ལྗང་མདོག་རྩིས་ནུས་ཐོན་ཁུངས་ལ་བརྟེན་ནས་གློག་བརྙན་དང་བརྙན་འཕྲིན་གསར་རྩོམ་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་སོགས་ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱས་ཏེ། མི་ཐབས་རིག་ནུས་ལག་རྩལ་དང་རིག་གནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།
ཐོན་ལས་གླིང་དེ་གྲོང་ནུབ་ཆུས་མི་དམངས་སྲིད་གཞུང་གིས་གཙོ་ཁྲིད་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་། “རྩིས་ནུས་འདེགས་སྐྱོར་དང་། ནང་དོན་གསར་གཏོད། ལག་རྩལ་ཞབས་ཞུ”བཅས་ཟུང་དུ་འབྲེལ་བའི་མཐུན་སྦྱོར་འཕེལ་རྒྱས་གཏོང་སྟངས་ཤིག་གཏོད་རྒྱུ་ཡིན་ཞིང་། དེའི་ནང་ནུབ་རྒྱུད་རྒྱལ་སྤྱིའི་གྲངས་གཞི་ལྟེ་གནས་ཀྱིས་ལྗང་མདོག་རྩིས་ནུས་ལ་རྒྱབ་སྐྱོར་དང་། གློག་བརྙན་ཐོན་ལས་གསོ་སྦྱོང་གླིང་གིས་གསར་རྩོམ་ཚོགས་པ་དང་གློག་བརྙན་བརྙན་འཕྲིན་ཐོན་ཁུངས་གཅིག་སྡུད་བྱེད་པ། མཚོ་སྔོན་ཁུ་ནུ་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱིས་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། གྲུབ་འབྲས་གཞན་སྒྱུར། ཁེ་ལས་ཀྱི་ལེ་ལག་ཚང་བའི་ཞབས་ཞུ་བཅས་མཁོ་འདོན་བྱས་ནས་ཀོ་ཕིག་ཟློས་གར་གསར་རྩོམ་དང་། སྒྲིག་བཟོ། འགྲེམས་སྤེལ་བཅས་ལ་ཁྱབ་པའི་ཐོན་ལས་འཁོར་འབྲེལ་ཅིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གླིང་ཁུལ་གྱིས་ཚན་རྩལ་དང་། གློག་བརྙན་བརྙན་འཕྲིན། དེ་བཞིན་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་8གདན་དྲངས་ནས་རིག་མཛོད་བཙུགས་པ་དང་འབྲེལ་ཞིང་ཆེན་ཕྱི་ནང་གི་ཚན་རྩལ་ཁེ་ལས་8དང་མཉམ་ལས་གྲོས་མཐུན་བཞག་པ་རེད། ད་དུང་AIརིག་གནས་ཡུལ་སྐོར་གྱི་བརྙན་ཐུང་གཉིས་འགྲེམས་བསྒྲགས་བྱས་པ་དང་དགུན་དཔྱིད་དུས་ཚིགས་ཀྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་གསུམ་འོས་སྦྱོར་བྱས་པ་མ་ཟད། ས་ཆ་གཞན་གྱི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་མཉམ་ལས་བྱས་ནས་གྲངས་འཛིན་ནང་དོན་གྱིས་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་མཐུན་རྐྱེན་སྦྱོར་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་རེད། དེ་དང་ཆབས་ཅིག་“ཡིད་དབང་འཕྲོག་པའི་ནུབ་ཁུལ། གྲངས་འཛིན་གྱིས་འབྱུང་འགྱུར་གཏོད”ཅེས་པའི་AIབརྙན་ཐུང་གསར་རྩོམ་གྱི་འགྲན་བསྡུར་ཆེ་མོ་སྤེལ་འགོ་ཚུགས་ཏེ་སྤྱི་ཚོགས་ལ་ཕྱོགས་ནས་བསམ་བཀོད་བརྩམས་ཆོས་བསྡུ་རུབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།