དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གངས་ལྗོངས་ཀྱི་མཐའ་མཚམས་ལ་ཡར་རྒྱས་ཀྱི་བཀྲག་མདངས་རབ་ཏུ་འཚེར།

    —— བོད་ཀྱིས་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-23

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས། སྤྱི་ལེ་བཞི་སྟོང་ལྷག་ཙམ་གྱི་བོད་ཀྱི་མཐའ་མཚམས་ས་ཐིག་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་བཅད་ཀྱི་འཐབ་ས་མདུན་མ་གལ་ཆེན་ཞིག་རེད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་བརྟན་སྲུང་དང་སྐྱེ་འཕེལ་འཚོ་གནས་བྱེད་སའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཀྱང་རེད།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་དམ་འཛིན་བྱ་གཞིར་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་མཐའ་དར་དམངས་ཕྱུག་གི་དུས་རབས་ཀྱི་རྒྱུགས་ལན་ཧུར་ཐག་ཕུལ་ཡོད།

    མཐའ་མཚམས་འཕེལ་རྒྱས་ཀྱི“འཕར་རྩ་ཆེན་པོ”བཏོད་པ།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ་མཐའ་དར་དམངས་ཕྱུག་གི་རྨང་གཞིའི་རང་བཞིན་གྱི་ལས་གྲྭར་བརྩིས་ནས་ཐོན་ཁུངས་དང་སྟོབས་ཤུགས་གཅིག་སྡུད་ཀྱིས་མཐའ་མཚམས་འཕེལ་རྒྱས་ཀྱི་ཞན་ཆ་བསལ་བས། ལྗོངས་ཡོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ནས་ཆུ་མཁོ་འདོན་དང་། གཞུང་ལམ། གློག་དྲ། འཕྲིན་གཏོང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད། 2025ལོའི་བར། ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་གི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་3ལྷག་ཙམ་ཟིན་པ་དང་། གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་གྲོང་གསར་ཚང་མར་སྣུར་སྲིང་བྱས་པ། མཐའ་མཚམས་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་བྱ་ཡུལ་ཚང་མར་5Gདང་ཀྲའོ་ཝ་སྟོང་གི་འོད་དྲ་ཤར་གཏོང་ཐུབ་ཡོད།

    མཐའ་མཚམས་གྲོང་ཚོའི་སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། 2024ལོར། ཆུ་ཚད་མཐོ་བའི་ཚད་ལྡན་ཅན་གྱི“རྒྱལ་སྒོའི་སློབ་གྲྭ”10བཙུཌ་ནས་སྤྱོད་འགོ་ཚུགས་ཡོད།

    དྲ་ཐོག་གི་མཉམ་སྤེལ་སློབ་ཚན་ལ་བརྟེན་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སློབ་གྲྭ་21དང་མཐའ་མཚམས་རྫོང་གི་ཆ་རྐྱེན་ཞན་པའི་སློབ་གྲྭ་21ཆ་སྒྲིག་མཉམ་སྐྲུན་བྱས་པས། རི་གྲོང་གི་ཕྲུ་གུས་ཐག་རིང་ལ་འགྲོ་མི་དགོས་པར་ཤང་ནས་སྤུས་ལེགས་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་ཐུབ་ཡོད། 2025ལོར། མཐའ་མཚམས་གྲོང་ཚོ་གསར་པར་སློབ་ཞུགས་གོང་གི་སློབ་གསོ་དང་འོས་འགན་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་བྱུང་ཡོད།

    ལྷོ་ཁ་གྲོང་ཁྱེར་ཡུལ་སྨད་ཤང་གི་མང་ཚོགས་ཆོས་འཛོམས་ཀྱིས་དེ་སྔ་ནང་མི་ཁྲིད་དེ་རྫོང་གྲོང་དུ་གཟུགས་པོ་བརྟག་དཔྱད་བྱེད་པར་སྐྱོད་སྐབས་ནམ་མ་ལངས་གོང་ནས་ཐོན་དགོས་པ་དང་ཕར་འགྲོ་ཚུར་འོང་བྱེད་པར་ཉིན་གཅིག་འགོར་གྱི་ཡོད་པ་ད་དུང་དྲན་བཞིན་ཡོད། ད་ཆ་ཤང་འཕྲོད་བསྟེན་ཁང་གིས་རྒྱུན་གཏན་གྱི་གཟུགས་པོ་བརྟག་དཔྱད་བྱེད་ཐུབ་པ་མ་ཟད། སྨན་དོན་མི་སྣས་ཀྱང་རང་འགུལ་ངང་ཁྱིམ་དུ་བརྟག་དཔྱད་བྱེད་པར་ཡོང་གི་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན། ཀྲུང་དབྱང་ནོར་སྲིད་ཀྱི་མཐའ་མཚམས་ས་ཁུལ་དུ་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་215.5དོན་འཁྱོལ་བྱས་ཡོད། དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་རེ་རེས་མཐའ་མཚམས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འདེགས་སྐྱོར་བྱེད་པ་དང་། ལས་གྲྭ་ཁག་རེ་རེ་དོན་འཁྱོལ་བྱས་པ་དེས་མཐའ་མཚམས་གྲོང་ཚོ་དང་གྲོང་རྡལ་གྱི་སྐྱེ་སྟོབས་རབ་ཏུ་རྒྱས་ནས་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    འབབ་འཕར་ཕྱུག་འགྱུར་གྱི“སྒུལ་ཤུགས་གསར་པ”འཕེལ་བར་བྱས་པ།

    དམངས་ཕྱུག་ནི་མཐའ་དར་གྱི་སྲོག་ཤིང་ཡིན་པ་དང་། རྒྱུན་མཐུད་ཆོག་པའི་ཁྱད་ལྡན་ཐོན་ལས་ནི་མི་འབོར་གནས་ཐུབ་པ་དང་མཐའ་མཚམས་བརྟན་པོ་ཡོང་བའི་ཡུན་རིང་གི་ཐབས་ཇུས་ཤིག་རེད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་མཐའ་མཚམས་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བཅས་བྱས་ཏེ། མཐའ་མཚམས་མི་སེར་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཡོད།

    གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་སྨོན་སྡེ་གྲོང་ཚོར་མཚོན་ན། ལུག་གསོ་ཚགས་བྱ་རྒྱུ་ནི་ས་གནས་དེ་གའི་མང་ཚོགས་ཀྱི་སྲོལ་རྒྱུན་ཐོན་ལས་ཤིག་རེད། གྲོང་ཚོའི་ནང་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས་ནས་འབྲོག་པས་ལུག་ཁྱུ་མ་རྐང་ནང་བཞག་སྟེ་ལོ་མཇུག་ཏུ་མ་རྐང་གཞིར་བཟུང་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། མཉམ་ལས་ཁང་གིས་ཕྱུགས་ཟོག་ལ་གཡོག་བྱེད་དང་འཚོ་སྐྱོང་བྱེད་ཀྱི་ཡོད་པས་གྲོང་མི་མི་ཉུང་བ་ཞིག་ཕྱིར་གླ་པར་བསྐྱོད་དེ་ཡོང་འབབ་གསོག་ཐབས་བྱེད་ཀྱི་ཡོད། འབྲོག་པ་ཀུན་དཔལ་གྱིས་རང་ཁྱིམ་གྱི་ལུག་ཁྱུ་ཚང་མ་མཉམ་ལས་ཁང་གི་མ་རྐང་ནང་བཞག་པས་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་9ལྷག་ཙམ་རག་གི་ཡོད། འགྲིམ་འགྲུལ་ཟོག་འགྲུལ་གྱི་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་བསྟུན་ནས་གམ་པའི་ལུག་གི་ཚོང་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་། གྲངས་ཉུང་མངགས་ཐོ་སྦྲག་སྲིད་མྱུར་སྐྱེལ་ནས་བསྐུར་བ། མངགས་ཐོ་འབོར་ཆེན་ཆེད་གཏོང་རླངས་འཁོར་གྱིས་སྐྱེལ་གྱི་ཡོད་པས། ཁྲེང་ཏུའུ་དང་པེ་ཅིང་སོགས་ཀྱི་ཡུལ་སྐོར་ཚོང་པས་འཚང་ག་ཤིག་ཤིག་ངང་མངགས་ཉོ་བྱེད་ཀྱི་ཡོད།

    སྤུ་ཧྲེང་གི་རྩམ་པ་དང་། རྫ་ཡུལ་གྱི་ཁམ་བུ་སྨི་ཧོའུ། གྲོ་མོའི་ཉ་སོགས་མཐའ་མཚམས་ཀྱི་ཁྱད་ལྡན“ཡུལ་ཟོག”ཁག་གཅིག་མུ་མཐུད་ས་མཐོ་ནས་ཐོན་ཏེ་རྒྱ་ཆེ་བའི་ཁྲོམ་རར་བསྐྱོད་ཡོད། 2024ལོར་ལྗོངས་ཡོངས་ཀྱི་མཐའ་མཚམས་རྫོང་21གི་ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་རྣམ་གྲངས་ཚང་མ་བསྐྲུན་ཟིན་པ་དང་། 2025ལོར་ལེགས་རྩེའི་མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་ཁུལ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་14ཡི་ཉོ་ཚོང་དངུལ་འབོར་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་2ཙམ་ཟིན་གྱི་ཡོད།

    2025ལོར། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23184ཟིན་ཡོད། མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཡོང་འབབ་འཕར་ཤུགས་དེ་བས་ཆེ་རུ་ཕྱིན་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལ་བརྟེན་པས། མཐའ་མཚམས་མང་ཚོགས་དེ་བས་མང་བ“སྒོ་རྩར་འབབ་འཕར་དང་སྒོ་རའི་ནང་ལས་ཞུགས་ཐུབ་པ”མངོན་འགྱུར་བྱུང་ཡོད།

    ཡུན་རིང་བདེ་འཁོད་ཀྱི“སེམས་མཐུན་སྒོར་མོ”བཏོད་པ།

    མཐའ་མཚམས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དོན་ལ་འབབ་ས་ནི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་རེད། མཐའ་མཚམས་དར་རྒྱས་གོང་འཕེལ་ནི་མཐའ་མཚམས་སྲུང་མཁན་མི་རབས་ནས་མི་རབས་བར་གྱིས་ལས་གནས་བརྟན་སྲུང་དང་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་བློ་སེམས་གཅིག་མཐུན་ངང་འགོག་སྲུང་བྱས་པའི་མཉམ་ཤུགས་ཆེན་པོ་ལས་བྱུང་།

    2026ལོའི་ཟླ་2ཚེས་6ཉིན། ཡུལ་སྨད་ཤང་གི་ལྷག་པ་ཚེ་རིང་དང་རུ་མི་ཚོས་རྒྱལ་དར་མཐོན་པོར་བསྒྲེངས་ནས་ཁ་བས་གཏུམས་པའི་ནགས་ཚལ་བརྒྱུད་མཐའ་མཚམས་སུ་སྐོར་གཡེང་བྱས་ཤིང་། ཡུལ་ལུང་དེར་སངས་རྒྱས་ཆོས་འཕགས་དང་། སྒྲོལ་དཀར། གཡང་འཛོམས་བཅས་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་མཐའ་མཚམས་བསྲུངས་པའི་གཏམ་རྒྱུད་སྔ་ས་ནས་གངས་ལྗོངས་ས་མཐོར་ཁྱབ་ཡོད།

    མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་གི་སྐལ་བཟང་བསྟན་འཛིན་གྱིས་ཆུང་དུས་ནས་ཨ་ཕའི་རྗེས་སུ་འབྲངས་ནས་ཕྱུགས་ཟོག་འཚོ་སྐྱོང་དང་མཐའ་མཚམས་སྐོར་གཡེང་བྱས་ཤིང་། ཁོང་གི་ཨ་ཕས་བཅིངས་འགྲོལ་དམག་གི་ལམ་ཁྲིད་པ་བྱེད་མྱོང་བ་དང་མཐའ་སྲུང་རྒྱལ་གཅེས་ཀྱི་ས་བོན་སྔ་ས་ནས་བུའི་སེམས་སུ་བཏབ་ཡོད། ད་ཆ་ཤང་གི་མཐའ་སྲུང་དཔུང་ཁག་དེ་ཞིང་འབྲོག་པ་39ལས་གྲུབ་པ་དང་ཚང་མས་རེས་སྐོར་བྱས་ཏེ་མཐའ་མཚམས་ལམ་ཐིག་5ལ་སྐོར་སྲུང་བྱེད་ཀྱི་ཡོད། “ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱས་ཚེ་གཞི་ནས་ཕ་ཡུལ་བརྟན་སྲུང་བྱེད་ཐུབ། མཐའ་སྲུང་གི་བྱ་གཞག་དེ་ང་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་སྐལ་བཟང་བསྟན་འཛིན་གྱིས་བཤད།

    མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ལམ་ལུགས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་ཆེད། 2025ལོའི་ཟླ་8པར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག《མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2026ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག》གིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱང་ཆུབ་པའི་ལག་ལེན་དེ་ཁྲིམས་སྐྱོང་ཚད་ལྡན་དུ་བསྒྱུར་ནས་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་ཕན་འབྲས་ཐོན་རྒྱུར་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    གངས་ལྗོངས་ས་མཐོའི་མུ་མཐའ་མེད་པའི་མཐའ་མཚམས་ལམ་ཐིག་ཏུ་སྐྱོད་སྐབས། གྲོང་ཚོ་ཡོངས་སུ་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པ་དང་། རྒྱལ་གཅེས་མཐའ་སྲུང་གི་གཏམ་རྒྱུད་སྔར་བཞིན་རྒྱུན་མཐུད་ནས་རྩོམ་བཞིན་ཡོད། རྒྱང་ལམ་གསར་པར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་རང་རྟོགས་ངང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད་པའི”འགན་འཁྲི་དང་མངགས་བཅོལ་ལག་ལེན་བསྟར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ལམ་བུར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།