དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་དཔལ་འབྱོར་དམིཌ་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-23

    ཉེ་ཆར། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་དཔལ་འབྱོར་དམིགས་ཚད་མང་པོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ལྗོངས་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2318.55ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་6.2%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.6གིས་མཐོ་བ་ཡོད་པ་རེད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་20.9%འཕར་བ་དང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དུས་མཚུངས་ལས་33.7%འཕར་ནས་འཕར་ཚད་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་དུས་མཚུངས་ལས་5.1%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད་པ་རེད།

    ཐོན་ལས་དབྱེ་ནས་བལྟས་ཚེ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་178.74ཟིན་པ་དེ་དུས་མཚུངས་ལས་8.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་993.12ཟིན་པ་དེ་དུས་མཚུངས་ལས་10.1%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་1146.69ཟིན་པ་དེ་དུས་མཚུངས་ལས་3.1%འཕར་ཡོད། གྲངས་གཞི་ནས་བལྟས་ཚེ། བོད་ཀྱིས་དུས་ཡུན་རིང་པོའི་ནང་ཞབས་ཞུའི་ལས་རིགས་གཙོ་བོར་བྱས་པའི་ཐོན་ལས་ཀྱི་གྲུབ་ཆར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་བཟོ་ལས་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བཞིན་ཡོད་པ་རེད།

    བཟོ་ལས་ནི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀྲག་མདངས་འཚེར་ས་མངོན་གསལ་དོད་ཤོས་ཤིག་རེད། དེའི་ནང་གློག་ཤུགས་དང་། ཚ་ནུས། སོལ་རླངས་བཅས་དང་དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་འཕར་ཐང་22.7%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི་གྲངས་3.1འཕར་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་བརྟན་པོ་རྒྱུན་འཁྱོངས་ཐུབ་ཅིང་། ལྗོངས་ཡོངས་ཀྱི་ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་217.42ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་7.9%འཕར་ཡོད། སྔོ་ཚལ་ཐོན་འབབ་3.6%འཕར་བ་དང་། ཕག་པ་དང་ནོར་ལུག་བཤས་གཏོང་ཚད་མགོ་གྲངས་ཁྲི་180.76ཟིན་ནས་6.3%འཕར་བ། འོ་མ་ཐོན་ཚད་ཏུན་ཁྲི་45.89ཟིན་ནས་6.0%འཕར་བ། ཕག་ཤ་དང་ཚགས་ཤ་ལུག་ཤའི་ཐོན་ཚད་ཏུན་ཁྲི་9.21ཟིན་ནས་3.7%འཕར་བ་བཅས་རེད། ཞིང་འབྲོག་ཐོན་རྫས་གཙོ་བོའི་ཐོན་ཚད་རིམ་བཞིན་འཕར་བ་དང་མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”ལ་དེ་བས་འགན་ལེན་ཐུབ་ཡོད་པ་རེད།

    ནོར་སྲིད་ཡོང་འབབ་དང་གཏོང་སྒོའི་འཕར་ཚད་མངོན་གསལ་དོད་ཅིང་། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་311.18ཟིན་པ་དང་། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2372.90ཟིན་པ། བོད་ལྗོངས་རང་ངོས་ཀྱི“རང་བརྟེན”ནུས་པ་རིམ་བཞིན་ཆེ་རུ་ཕྱིན་པ་དང་ནོར་ཤུགས་མུ་མཐུད་དམངས་འཚོ་དང་གྲོང་གསེབ་དར་རྒྱས་སོགས་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།