ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་བ།

ཟླ་11ཚེས་20ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་བ།
ཟླ་11ཚེས་20ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་4པར། ང་དང་ཙུང་ལི་ཨན་ཝར་དབར་ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཀྲུང་མའི་འབྲེལ་བའི“རྫོགས་ལྡན་ལོ་50”གསར་པ་འགོ་ཚུགས་ཡོད།
ལོ་གཅིག་ལྷག་ཙམ་རིང་། ཀྲུང་མའི་འབྲེལ་བར་རྒྱུན་མཐུད་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་ནས་ཕྱོགས་གཉིས་པོས་ཇུས་འགོད་བྱས་པའི་མཉམ་ལས་ཀྱི་འཆར་གཞི་ཉིན་རེ་བཞིན་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བཞིན་ཡོད། དེང་གི་འཛམ་གླིང་འགྱུར་ལྡོག་དང་ཟང་ཟིང་ཆེ་ནའང་། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་། མཉམ་ལས་ཀྱི་སྒུལ་ནུས་གཅིག་ཏུ་སྒྲིལ་བ། ཀྲུང་མའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་དང་ཏན་ཏིག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེ་བ་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་མའི་འབྲེལ་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པ་དང་། མཉམ་ལས་ཀྱི་ལེགས་ཆ་མངོན་གསལ་དོད་པ། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པ་བཅས་ཡོད། ཕྱོགས་གཉིས་པོས་ཆུ་ཚད་མཐོ་བའི་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཐོ་རིམ་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། གསར་དར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། གཙོ་གནད་རྣམ་གྲངས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་དང་གཉེར་སྐྱོང་ཡག་པོ་བྱེད་པ། ཞིང་ལས་ཐོན་རྫས་ཚོང་དོན་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ་བཅས་བྱེད་དགོས། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྣེ་ཁྲིད་བྱས་ཏེ་ཀྲུང་མའི“རུའུ་དབྱིའི་ཤེས་དཔལ་གླེང་མོལ”ཡང་འབད་བསྐྱར་འབད་ཀྱིས་ཡག་པོ་གཉེར་བ་དང་། ཡུལ་སྐོར་དང་སློབ་གསོ་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་དམངས་ཁྲོད་དང་ས་གནས་དབར་གྱི་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ་བཅས་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས།
ཨན་ཝར་གྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་ཕུལ་དུ་བྱུང་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་ཞལ་འཛོམས་ལེགས་གྲུབ་ལྡན་པའི་ངང་གཉེར་བར་སྙིང་དབུས་ནས་རྟེན་འབྲེལ་ཞུ་གི་ཡིན། དེ་ཐོག་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་ཤུགས་རྐྱེན་དང་འགོ་ཁྲིད་ནུས་པ་གང་ལེགས་མངོན་ཡོད། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་གྱི་གཙོ་བདག་གིས《ཞི་བདེའི་བསྒྲགས་གཏམ》སྤེལ་བ་དེར་མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཐའེ་དབན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས་མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུ་གི་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལམ་སྲོལ་གྱི་ནུས་པ་ཡག་པོ་འདོན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་རྣམ་གྲངས་གཉེར་སྐྱོང་ཡག་པོ་བྱེད་པ། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཤེས་དཔལ་སྤེལ་རེས་དང་གླེང་མོལ་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མ་ཀྲུང་འབྲེལ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་། ཝང་ཞའོ་ཧུང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།