དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་བེད་སྤྱོད་ཀྱི་འཆར་འགོད་འགྲེམས་བསྒྲགས་བྱས་པ།

    “འཐུས་སྒོ་ཚང་པོ་དང་། ལེགས་སུ་གཏོང་བ། རྒྱལ་ཁ་ལེན་ཐུབ་པ། སྟོབས་ཆེར་གཏོང་བ”བཅས་ལ་དམིགས་ནས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-22

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་11ཚེས་9ཉིན། མཚོ་སྔོན་ཞིང་ཆེན་གྱི“‘ལོ་ལྔ་ཚན་བཅོ་ལྔ་པ’འགོ་ཚུགས”ཀྱི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་འཕེལ་རྒྱས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐེན་ཅན་གྱིས་གསར་འགྱུར་གཏམ་བཤད་སྤེལ་ཏེ་འཆར་འགོད་བསམ་ཕྱོགས་དང་། དམིགས་ཚད་ལས་འགན། གཙོ་གནད་བྱེད་ཐབས། འགོ་འཛུགས་ལས་དོན་སོགས་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”ནགས་ལས་དང་རྩྭ་ཐང་ལས་དོན་སྤེལ་རིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས། སྐྱེ་ཁམས་ཕན་ནུས་ཆེ་ཤོས་མངོན་འགྱུར་ཡོང་རྒྱུ་ལས་འགན་གཙོ་བོར་བརྩིས་ཐོག སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཚད་གཞི་དེ་བས་མཐོན་པོས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པ་དང་། “ལྗང་གསུམ”མཉམ་སྤེལ་དང“མཛོད་བཞི”མཉམ་འགུལ་མཐའ་འཁྱོངས། “ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ལུགས་དང་མཐུན་པའི་བེད་སྤྱོད”བཅས་ལ་སྤྱི་འདོམས། འདེབས་འཛུགས་དང་དོ་དམ་ལ་མཉམ་དུ་དམ་འཛིན་དང་། སྐྱེ་ཁམས་དང་ཐོན་ལས་ལ་མཉམ་དུ་སྐུལ་འདེད། མི་དང་རང་བྱུང་ཁམས་མཉམ་གནས་བཅས་ལ་སྐུལ་འདེད། “སྲུང་བཅད་གཉིས་དང་ཁུལ་གསུམ་དང་ཁྱམས་མང་པོའི”སྐྱེ་ཁམས་བདེ་འཇགས་རྣམ་པ་རྒྱུན་མཐུད་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་མཁན་ཡག་པོ་བཅས་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་རེད།

    ནགས་ཚལ་དང་རྩྭ་ཐང་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཟོས་ཡོད་པ་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དེ་བས་འཐུས་སྒོ་ཚང་དུ་བཏང་ནས“ལྟེ་བ་གསུམ་གྱིས་སྣེ་ཁྲིད་དང་། ལྟེ་བ་མང་པོ་གཞི་གཅིག་ཅན། མཉམ་སྐྲུན་མཉམ་སྲུང”བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྣམ་པ་གཏོད་རྒྱུ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་བཅོས་སྐྱོང་རྣམ་པ་ལེགས་སུ་རྒྱུན་མཐུད་བཏང་ནས་སྔོ་འགྱུར་བར་མཐོངས་ལ་སྤྱི་འདོམས་ཡག་པོ་དང་ནགས་རྩྭ་ཁ་གསབ་བར་མཐོངས་བཀོད་སྒྲིག་ཡག་པོ་བྱས་ཏེ། རྨོ་ཞིང་དང་། ནགས་ཚལ། རྩྭ་ཐང་བཅས་ཀྱི་བར་མཐོངས་མཐུན་སྦྱོར་ལེགས་གཏོང་གི་བཅོས་སྐྱོང་རྣམ་པ་གསར་པ་ཆགས་པར་བྱ་རྒྱུ། “བྱང་གསུམ”འདུ་འགོད་ཀྱི་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་ཏེ། ཚྭ་འདམ་གཤོངས་ས་དང་གསེར་ཆེན་གཤོངས་ས་སོགས་གཙོ་གནད་སྐྱེ་ཁམས་ས་ཁོངས་ལ་གཙོ་བོར་དམིགས་ནས། བྱེ་འགྱུར་ས་ཆ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཚན་རིག་དང་མཐུན་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས། ས་ནག་ཐང་ཕྱོགས་བསྡུས་བཅོས་སྐྱོང་ལ་རིམ་པ་ལྟར་ཤུགས་སྣོན་རྒྱག་རྒྱུ། ས་མཐོའི་ཁྱད་ལྡན་ནགས་རྩྭའི་ཐོན་ལས་སྟོབས་ཆེར་རྒྱུན་ཆད་མེད་པར་བཏང་ནས“ཤར་རྒྱུད་ཀྱི་སྟར་བུ་དང་། ནུབ་རྒྱུད་ཀྱི་སྨན་རྩྭ། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཙོང་གི་ཤིང་འབྲས་སྣ་ཚོགས”བཅས་ཁྱད་ལྡན་ཐོན་ལས་ཀྱི་བཀོད་པ་སྟོབས་ཆེར་རྒྱུན་མཐུད་གཏོང་རྒྱུ་བཅས་རེད།

    དེ་དང་ཆབས་ཅིག ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་གཏོང་བ་དང་། རིག་ལྡན་ནགས་རྩྭ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། “གནམ་ས་མཁའ་དྲ་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ནས་བརྟག་ཞིབ་ཚད་ལེན་བྱེད་པ་དང་། ནགས་ཚལ་རྩྭ་ཐང་དང་འདམ་ར་ཐང་རྒོད་བཅས་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཁའ་སྐྱོད་སྐོར་སྲུང་སོགས་ཀྱི་རྒྱུན་སྤྱོད་རྣམ་པ་གཙོ་གནད་ཐོག་བཏོད་དེ། མི་མེད་གནམ་གྲུའི་སྐྱེ་ཁམས་སླར་གསོའི་ལས་སྒྲུབ་ཁྱབ་ཁོངས་བརྒྱུད་རིམ་ལྡན་པའི་ངང་རྒྱ་སྐྱེད་གཏོང་རྒྱུ་རེད། ནགས་ཚལ་དང་རྩྭ་ཐང་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་གཏོང་དང་། “ནགས(རྩྭ)དཔོན་+”མཉམ་འགུལ་ལམ་སྲོལ་སྔར་བས་ལེགས་སུ་གཏོང་བ། ལྟ་བཤེར་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནགས་རྩྭའི་ཐོན་ཁུངས་ཕན་སྒྱུར་བེད་སྤྱོད་བཅས་བྱས་ནས། “ལྗང་སྲུང་གསེར་བརྗེ་དང་། ལྗང་འདུས་གསེར་འགྱུར། ལྗང་བརྟེན་གསེར་བཟོ”བཅས་ཀྱི་སྐྱེ་ཁམས་རིན་ཐང་གཞན་སྒྱུར་ཐབས་ལམ་འཚོལ་ཞིབ་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད།

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་ཅུས་ཀྱིས་འཆར་འགོད་དང་། རྣམ་གྲངས། སྒྱུར་བཅོས་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་བྱ་རྒྱུར་དམིགས་ནས་འཆར་འགོད་ནང་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་ལྔ་པོ་རེ་རེ་བཞིན་ལ་གསེད་བཀྲོལ་བྱས་ཏེ། གསལ་ཐོ་ཅན་དང་རྩིས་ཁྲ་ཅན་གྱི་དོ་དམ་བྱེད་ཀྱི་ཡོད། “བྱང་གསུམ”འདུ་འགོད་དེ་རྣམ་གྲངས་སྐུལ་སྤེལ་གྱི་གཡུལ་ས་གཙོ་བོར་བརྩིས་ཐོག་སྔོན་ལ་མིག་མཐོང་ལག་ཟིན་ཐུབ་པའི་དངོས་པོའི་ལས་འབོར་ཁག་གཅིག་ཆགས་པར་བྱེད་པ་དང་། རྣམ་གྲངས་གྲབས་གསོག་བྱེད་སྐབས་དུས་འགོའི་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་མགྱོགས་ཚད་མྱུར་དུ་བཏང་ནས། “ཁག་གཅིག་ལས་འགོ་འཛུགས་པ་དང་། ཁག་གཅིག་གྲབས་གསོག་བྱེད་པ། ཁག་གཅིག་ཇུས་འགོད་བྱེད་པའི”འཁོར་འགྲིལ་རྣམ་པར་འགན་ལེན་བྱེད་དགོས། དེས་མ་ཟད། ད་དུང་ཟི་ལིང་གི་ལྷོ་བྱང་རི་བོའི་ནགས་ས་སྒྱུར་བཅོས་ཚོད་ལྟ་དང་། གཞུང་ཁོངས་ནགས་ར་སྤྱི་ཚོགས་ལ་སྒོ་དབྱེ་བ། དེང་རབས་ཅན་གྱི་གཞུང་ཁོངས་ནགས་ར་སྐྲུན་པ་སོགས་ཀྱི་ལས་དོན་བརྒྱུད་རིམ་ལྡན་པའི་ངང་སྤེལ་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་གྱི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།