དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྐར་ཁུང་ཆུང་ངུས་དམངས་འཚོའི་དོན་ཆེན་བསྒྲུབས། དམངས་ཕན་ཞབས་ཞུས་མི་སེམས་དྲོ་བར་བྱས།

    —— ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་སྲིད་དོན་ཞབས་ཞུ“ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་ཚུལ”ནས“སྐར་ཁུང་གཅིག་ནས་སྒྲུབ་པའི”བར་འགྱུར་ལྡོག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-22

    འདི་ནི་ཚད་ལྡན་དང་གོ་རིམ་ལྡན་པའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་བདག་སྤྲོད་སྐར་ཁུང་ཡིན་པ།

    འདི་ནི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་བློ་འདྲིའི་ལས་སྟེགས་ཀྱི་ཟུར་ཞིག་ཡིན་པ།

    འདི་ནི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་ལས་སྒོ་རང་སྒྲུབ་ཁུལ་གྱི་ཟུར་ཞིག་ཡིན་པ།

    ཉེ་ཆར་གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་ལས་སྒོ་གཉེར་བར་སྐྱོད་སྐབས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། “ལས་དོན་གཅིག་ལས་ཕྱོད་ཆེན་པོས་སྒྲུབ་པ”དམ་འཛིན་བྱ་གཞིར་བྱས་ནས་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ཚོམས་ཆེན་གྱི་སྒྲིག་བཀོད་ནུས་ཤུགས་ཡོད་རྒུས་སྒྱུར་བཀོད་དང་། ཚོམས་ཆེན་དུ་ལས་སྣ་362བསྡུ་སྒྲིལ། སྐར་ཁུང་དོ་དམ་ཚད་ལྡན་དུ་གཏོང་བ། དྲོ་སྐྱིད་ཞབས་ཞུ་སྣུར་སྲིང་། སྐར་ཁུང་གི་རྒྱུན་གཏན་གྱི་སྒྲུབ་གཉེར་དང་། ལས་སྒོའི་གསོ་སྦྱོང་། འགོ་ཁྲིད་པའི་གཤམ་སྐྱོད་བརྟག་ཞིབ་སོགས་ཀྱི་དོན་དངོས་ཟིན་ཐོར་འགོད་པ་བཅས་བྱས་ཏེ། སྲིད་དོན་ཞབས་ཞུ་ཕྱོགས་ཡོངས་ནས་ལེགས་སུ་དང་འགྱུར་ལྡོག་བཏང་བས་ཁེ་ལས་དང་མང་ཚོགས་ལས་དོན་སྒྲུབ་རིང་གི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ལས་སྒྲུབ་མྱུར་ཚད་མགྱོགས་སུ་ཕྱིན་ནས“ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་ཚུལ”ལོ་རྒྱུས་སུ་གྱུར་པ།

    ཁེར་རྐྱང་བཟོ་ཚོང་བ་ཐོ་འགོད་བྱེད་པ་ནི་ཁྲོམ་རའི་ལྟ་འདོམས་སྐར་ཁུང་དུ་སྒྲུབ་མང་ཤོས་ཀྱི་ལས་སྒོའི་གྲས་ཤིག་རེད། ཞབས་ཞུའི་ལྟེ་གནས་ཚོམས་ཆེན་དུ་དེ་གོང་ཚད་ལྡན་གྱི་བོད་རྒྱ་སྐད་གཉིས་ཀྱི་མཛུབ་སྟོན་མེད་པས་མང་ཚོགས་སྐད་ཆ་འདྲི་བར་ཕར་རྒྱུག་ཚུར་ རྒྱུག་མང་པོ་བྱེད་དགོས་ཀྱི་ཡོད།

    གནད་དོན་དེར་དམིགས་ནས་ཟངས་རི་རྫོང་གིས་གྲོང་ཁྱེར་རིམ་པའི་སྲིད་དོན་ཞབས་ཞུའི་གཅིག་གྱུར་ཚད་གཞི་དང་ཞིབ་བསྡུར་བྱས་ཏེ། ཚོམས་ཆེན་ནང་གི་ལས་སྣ་362རེ་རེ་བཞིན་གསེད་བཀྲོལ་བྱས་ནས་ཚད་ལྡན་མིན་པའི་གནད་དོན་14སྔ་རྗེས་སུ་དག་ཐེར་བྱས་པ་མ་ཟད། ལས་སྣའི་མིང་དང་། བརྒྱུད་རིམ། དཔྱད་གཞི ཞིབ་མཆན་དབང་ཚད་བཅས་གཅིག་གྱུར་ཡང་བྱས་པ་དང་། བོད་རྒྱ་སྐད་གཉིས་ཀྱི་ལས་སྒྲུབ་ཕྱོགས་སྟོན་100ལྷག་ཙམ་བཟོས་པ་དང་འབྲེལ། ས་ཁོངས་ཡོངས་སུ་ཡོངས་བསྒྲགས་བྱས་ཏེ། སྐར་ཁུང་དུ་སྐད་གཉིས་ཀྱི་སྔོན་བཤེར་སྒྲུབ་རོགས་བྱས་ནས་ལས་སྒྲུབ་ཚད་གཞི་གཅིག་གྱུར་དང་ཁྲིད་སྟོན་ཁ་གསལ་ཡོང་བར་བྱས་ཡོད།

    ཟངས་རི་གྲོང་རྡལ་གྱི་བོད་ཟས་ཟ་ཁང་གི་སྦྱིན་བདག་ཉི་མ་བཀྲ་ཤིས་ཀྱིས་རང་ཁྱིམ་གྱི་ཟ་ཁང་གི་འབྲེལ་ཡོད་འགྲོ་ལུགས་གཉེར་སྐབས་སྐར་ཁུང་དུ་བསྒྲིགས་པའི་སྐད་གཉིས་ཀྱི་ལས་སྒྲུབ་གསལ་ཐོར་གཞིགས་ནས་ཐོབ་ཐང་ལག་ཁྱེར་དང་ས་ཆ་བོགས་མར་གཏོང་ལེན་གྱི་གན་རྒྱ་འཁྱེར་ཏེ་སྐར་ཁུང་གཅིག་ནས་འགྲོ་ལུགས་ཆ་ཚང་གཉེར་ཐུབ་པ་རེད། ཁྲོམ་རར་ཐོ་འགོད་དང་། ཁྲལ་དོན་སྙན་དཔོད། རིན་མེད་ཐམ་ག་བཟོ་བ་བཅས་མཉམ་དུ་བྱས་ནས་སྐར་མ་བཅུ་གྲངས་ནང་ལས་རིམ་ཆ་ཚང་ཚར་གྱི་ཡོད། “སྐར་ཁུང་ཚང་མར་མཚོན་རྟགས་གསལ་པོ་བཀོད་འདུག་ལ་བོད་རྒྱ་སྐད་གཉིས་ཀྱི་ཕྱོགས་སྟོན་སྒྲོག་ཙེའི་ཐོག་བསྒྲིགས་འདུག དེས་མ་ཚད་ལས་དོན་པས་བརྒྱུད་རིམ་ཧྲིལ་པོར་མཛུབ་ཁྲིད་བྱེད་ཀྱི་འདུག་པས་སྡེ་ཚན་ཁག་ཏུ་ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་ཀྱི་མི་འདུག”ཅེས་ཉི་མ་བཀྲ་ཤིས་ཀྱིས་དགའ་ཚོར་ཆེན་པོས་བཤད།

    དེ་དང་ཆབས་ཅིག་ཁྲལ་དོན་དང་འབྲེལ་བ་ཡོད་པའི་ལས་དོན་སྒྲུབ་དཀའ་བའི་གནད་དོན་ལ་དམིགས་ནས་ཟངས་རི་རྫོང་གིས་ཁྲལ་འབྲེལ་ལས་སྒོ་ཚང་མ་ཚོམས་ཆེན་དུ་གཉེར་བར་སྐུལ་འདེད་གཏོང་བ་དང་། དཔྱ་ཁྲལ་གཉེར་སའི་སྐར་ཁུང་3མང་དུ་བཏང་བ། ཆེད་བསྐོས་པ་3བཀོད་སྒྲིག་བྱས་པ། ཁྲལ་འབྲེལ་ལས་སྒོ་200ལྷག་ཙམ་གཞན་སྒྱུར་བཅས་བྱས་ཏེ། རང་སྒྲུབ་ཁྲལ་གཉེར་ཁུལ་བཙུགས་པ་རེད། དེ་སྔ་གྲོང་ཁྱེར་ལྟ་ཞིབ་དང་ཁྲལ་དོན་ལས་སྒྲུབ་ས་ཚིགས་ལོགས་སུ་ཕྱེ་ཡོད་པ་དང་། ད་ཆ་ཁུལ་གཉིས་ཚོམས་ཆེན་དུ་ཡོད་པས་ལས་སྒྲུབ་ལས་ཕྱོད་ལྡབ་གཅིག་ཆེ་རུ་ཕྱིན་ཡོད། ད་ལོ་ཤར་ཚུན། ཟངས་རི་རྫོང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱིས་རིམ་རྩིས་བརྒྱབ་ན་ཁྲལ་འབྲེལ་ལས་སྒོ་229གཉེར་བ་དང་ལས་སྒོ་སྣ་ཚོགས་གཉེར་ཚད་ཁྱོན་2928ཟིན་ནས་གཉེར་གྲུབ་ཚད་གཞི་100%ཟིན་ཡོད།

    དོ་དམ་ཚད་ལྡན་དང་ཆེད་ལས་ཞབས་ཞུ་རྒྱུན་ གཏན་དང་ཕུགས་ཕན་དུ་གྱུར་པ།

    དེ་སྔའི་སྐར་ཁུང་ཁག་གི་རང་བརྟེན་དོ་དམ་དང་ཚད་གཞི་མི་འདྲ་བའི་དཀའ་གནད་སེལ་ཆེད། ཟངས་རི་རྫོང་གིས་སྐར་ཁུང་དོ་དམ་ལམ་ལུགས་18བཏོན་པ་དང་འབྲེལ། གཅིག་སྡུད་ཐོག་གྱང་ལྡེབས་སུ་བཀལ་ནས་གཅིག་གྱུར་དོ་དམ་དང་། གཅིག་གྱུར་ཞབས་ཞུ། གཅིག་གྱུར་དཔྱད་ཞིབ་བཅས་ཀྱི་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་ཆབས་ཅིག ཚོམས་ཆེན་གྱི་འགན་སྒྲུབ་གནས་ཚུལ་རྫོང་ཡོངས་ཀྱི་སྤྱོད་ཚུལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་གཙོ་གནད་ནང་དོན་ནང་བཅུག་པ་རེད། དེ་དང་ཆབས་ཅིག “རྒྱུན་གཏན་གྱི་སྐོར་ཞིབ་དང་། དུས་ཐོག་ཏུ་ཡོ་བསྲང་། ཟླ་རེར་བརྡ་ཁྱབ་གཏོང་བ། སྡེ་ཚན་གྱིས་མཉམ་དུ་དོ་དམ”བཅས་ཀྱི་ལྟ་འདོམས་གདུབ་ཟུམ་ལམ་སྲོལ་བཙུགས་ནས། ཆེད་མིས་ཉིན་ལྟར་ས་ཁོངས་ཧྲིལ་པོར་སྐོར་ཞིབ་བྱེད་ཀྱི་ཡོད་པ་རེད། ད་ལོ་ཚུན་དུ། སྤྱོད་ཚུལ་གནད་དོན་26ས་ཡུལ་དངོས་སུ་དག་ཐེར་བྱས་པ་དང་། ཟླ་རེར་ཕྱོགས་སྡོམ་བྱས་ནས་བརྡ་ཁྱབ་བཟོས་ཏེ་མངགས་གཏོང་ཚན་པར་བསྐྱལ་བ་དང་དུས་ཚིགས་རེར་སྤྱོད་ཚུལ་ཆེད་དོན་བཅོས་སྒྲིག་བྱས་པ་མ་ཟད། འགན་སྒྲུབ་ཞན་ཆ་ཁག་6དང་ཟུང་འབྲེལ་བྱས་ཏེ་རྩིས་ཁྲ་བཟོས་ནས་གནད་དོན་ཏན་ཏིག་ངང་དག་ཐེར་བྱ་རྒྱུར་དམ་འཛིན་ཡང་བྱས་ཡོད།

    མིག་སྔའི་བར། ཟངས་རི་རྫོང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱིས་རིམ་རྩིས་བརྒྱབ་ན་བློ་འདྲི་བྱེད་མཁན་མང་ཚོགས་མི་ཐེངས་3600ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། མང་ཚོགས་ཀྱི་བསམ་འཆར་20ལྷག་ཙམ་བསྡུ་རུབ་བྱས་པ། དོན་དག་སྒྲུབ་མཁན་མང་ཚོགས་མི་ཐེངས་860ལ་འཚམས་ལན་ཞུས་པས་གནད་དོན་དག་ཐེར་གྱི་བློ་ཡིད་འཚིམ་ཚད་100%ཟིན་ཡོད།

    སེམས་རྩ་འཁོལ་པོས་ཞབས་འདེགས་ཡག་པོ་ཞུས་ནས་ཁེ་ལས་ལ་ཕན་བཏགས་པ་དང་དམངས་ལ་སྟབས་བདེ་བསྐྲུན་པ།

    ཉེ་བའི་ལོ་ཤས་རིང་། ཟངས་རི་རྫོང་གིས“དཔང་ཡིག་མི་དགོས་པའི་གྲོང་ཁྱེར”འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། 2025ལོའི་ཟླ་9པར་དཔང་ཡིག་འབུལ་མི་དགོས་པའི་གསལ་ཐོ་ཁག་122ཁྱབ་བསྒྲགས་བྱས་པ་དང་། 2026ལོའི་ཟླ་8པར་དཔང་ཡིག་འབུལ་མི་དགོས་པའི་གསལ་ཐོ་ཁག་326ཁྱབ་བསྒྲགས་བྱས་ཡོད། ཁས་ལེན་དམ་འཇོག་དང་སྡེ་ཚན་གྱིས་ཞིབ་བཤེར་བྱས་པ་བརྒྱུད། ཡིག་ཐོག་དཔང་ཡིག་ཉུང་དུ་ཆེས་ཆེར་ཕྱིན་ནས་མང་ཚོགས་ཀྱི་དོན་དག་སྒྲུབ་པའི་ཁུར་པོ་ཡང་དུ་ཏན་ཏིག་ཕྱིན་ཡོད།

    ད་ལོ་ཚུན་དུ། ཟངས་རི་རྫོང་གིས་ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཁེ་ལས་ལ་ཕན་པའི་སྲིད་ཇུས་སྒྲོག་འགྲེལ་ཐེངས་200ལྷག་ཙམ་བྱས་ཡོད། 2024ལོར་རིན་མེད་ཐམ་ག་བཟོ་བའི་སྲིད་ཇུས་ཁྱབ་གདལ་བཏང་ཚུན། རིམ་རྩིས་བརྒྱབ་ན་རིགས་ཁག་གི་གཉེར་སྐྱོང་བྱེད་པོར་དོན་དག་སྒྲུབ་པའི་མ་གནས་འགྲོ་གྲོན་སྒོར་ཁྲི་20ལྷག་ཙམ་གྲོན་ཆུང་ཐུབ་པ་དང་། ད་ལོ་ཁོ་ནར་ཁྲོམ་རའི་བྱེད་པོ་68ལ་ཐམ་ག་བཟོ་བའི་འགྲོ་གྲོན་སྒོར་ཁྲི་6.76ཆག་ཡང་དང་རྩ་ཆག་བཏང་ཡོད།

    “ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་པ”ནས“སྐར་ཁུང་གཅིག་ནས་སྒྲུབ་པའི”བར་དང་། “དཔྱད་ཡིག་མང་པོ་དགོས་པ”ནས“དཔང་ཡིག་འབུལ་མི་དགོས་པའི”བར། “སྐབས་འཕྲལ་ལས་མིས་ཡིག་ཆ་ལེན་པ”ནས“དངོས་གཞིའི་ལས་བྱེད་པས་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བྱེད་པའི”བར་སོགས་ཟངས་རི་རྫོང་གི་སྲིད་དོན་ཞབས་ཞུའི་འགྱུར་ལྡོག་དེ་མང་ཚོགས་དང་ཁེ་ལས་ཀྱི་དོན་དག་སྒྲུབ་པའི་ཉམས་ལེན་ལས་གསལ་པོར་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།