དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-22

    ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་མཇལ་འཛོམས་གནང་བ།

    ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུཌ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིང་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་རྟག་ཏུ་འགྲོ་འོང་བྱེད་པ་དེ་ཐོག་ནས“ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སྲོལ་རྒྱུན་མཛའ་གྲོགས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་མངོན་གྱི་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད། ཀྲུང་ཐེ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་ཡིད་ཆེས་ཆོག་པ་དང་རྒྱབ་རྟེན་ཆོག་པའི་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླ་ཡིན་པར་བརྟེན་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་ལ་རྒྱལ་ཁབ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ལ། ཐེ་ལན་ཕྱོགས་དང་མཉམ་དུ་རང་སོ་སོའི་དེང་རབས་ཅན་གྱི་འགྲོ་ལམ་དུ་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་ཐེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཐེ་རྒྱལ་ཁབ་གཉིས་པོས་སྲིད་གཞུང་དང་། སྲིད་ཏང་། ཁྲིམས་བཟོའི་སྒྲིག་གཞི་སོགས་དབར་གྱི་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་གི་འཐབ་ཇུས་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་ཐེའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་གཏོང་རྒྱུ་དེ་རེད། ཕྱོགས་གཉིས་པོས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་མཉམ་ལས་ལམ་སྲོལ་ཡག་པོ་སྤྱོད་པ། ཞིང་ལས་དང་ཕན་ཚུན་སྦྲེལ་མཐུད་སོགས་ཀྱི་སྲོལ་རྒྱུན་མཉམ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། མི་ཐབས་རིག་ནུས་དང་། ནུས་གསར་རླངས་འཁོར། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ། ཆུའི་ཐོན་ཁུངས་བཅོས་སྐྱོང་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ས་ཁུལ་གྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་མཉམ་ལས་ཀྱི་མཐོ་ས་མཉམ་དུ་བསྐྲུན་པ་བཅས་བྱེད་དགོས། ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་དབར་ཁྲག་རྒྱུད་མཉམ་འདྲེས་དང་མི་ཆོས་རིག་གནས་མཉམ་སྦྲེལ་ཐུབ་ཡོད་པས། རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཐེའི་མཛའ་མཐུན་དེ་བས་མི་སེམས་ལ་ཟུག་པར་བྱེད་དགོས། དེ་དང་ཆབས་ཅིག་ཕྱོགས་གཉིས་པོས་དྲ་བའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་སྣ་འགྲོ་འོང་ལ་དེ་བས་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས། ཕྱོགས་གཉིས་པོས་ད་དུང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་དང་ཁམ་ཕུ་ཁྲེའི་དབར་གྱི་འབྲེལ་བ་སྔ་ཙམ་བར་འདུམ་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

    ཨ་ནུའུ་ཐིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཐེ་ཀྲུང་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་བར་གཞོལ་བཞིན་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་མུ་མཐུད་ཟབ་ཏུ་བཏང་ནས་ཚོང་དོན་དང་། མ་འཇོག ཚན་རྩལ། ཐོན་སྐྱེད་མཁོ་སྤྲོད་འཁོར་འབྲེལ། ཕན་ཚུན་སྦྲེལ་མཐུད་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་མི་དམངས་ཀྱི་མཛའ་མཐུན་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད། ཐེ་ལན་ཕྱོགས་ཀྱིས་དྲ་རྒྱའི་རྒྱན་འགྱེད་དང་གློག་འཕྲིན་ཁ་བསླུས་སོགས་རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་ཐེ་ལན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ལ། ཀྲུང་གོའི་དམངས་ཚོགས་དེ་བས་མང་བ་ཐེ་ལན་དུ་ཡུལ་སྐོར་དུ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ཐེ་ལན་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་ནུས་པར་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་གཉེར་བར་རྟེན་འབྲེལ་ཞུ་རྒྱུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱི་གཙོ་བདག་གི་ལོ་རྒྱུས་རང་བཞིན་གྱི་ཞལ་འཛོམས་བདེ་བླག་ངང་གཙོ་སྐྱོང་གནང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་མཉམ་ལས་དང་། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ཀྱི་གདོང་གཏུག་འདུམ་འགྲིག་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་པར་ཐེ་ལན་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡིན་ལ། མུ་མཐུད་གདོང་གཏུག་འདུམ་འགྲིག་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད།

    ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།