ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་མཇལ་འཛོམས་གནང་བ།

ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་མཇལ་འཛོམས་གནང་བ།
ཟླ་11ཚེས་20ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལ་པོ་ཝོ་དང་མཇལ་འཛོམས་གནང་ནས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ལྷན་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་གྲོས་མོལ་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་ཉིན་བཞིན་ཇེ་ཟབ་ཏུ་ཕྱིན་པ་དང་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་སྐས་རིམ་གསར་པར་སླེབས་ནས། རྒྱལ་ཁབ་གཉིས་པོས་རང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་གལ་ཆེན་བྱས་ཡོད། མིག་སྔར། རྒྱལ་ཁབ་གཉིས་པོར་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ། ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་ཐུན་མོང་གི་ལས་འགན་འཕྲད་པས། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་གཏུག་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། ཀྲུང་ཧིན་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་། ཕྱི་ཕྱོགས་ཀྱི་ཉེན་ཁར་ཐུན་མོང་ཐོག་འགོག་ཟོན་དང་ཁ་གཏད་གཅོག་པ། སྲིད་སྐྱོང་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རང་རང་སོ་སོའི་སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། གཉིས་ཕན་མཉམ་ལས་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་། ཅ་ཁར་ཐ་ནས་དབན་ལུང་བར་གྱི་མྱུར་བགྲོད་ལྕགས་ལམ་དང“རྒྱལ་ཁབ་གཉིས་པོའི་གླིང་གཉིས”སོགས་རྣམ་གྲངས་ཆེན་པོའི་མཉམ་ལས་ལ་དམ་འཛིན་ཡག་པོ་བྱེད་པ། ནུས་གཏེར་ཐོན་ཁུངས་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གཙང་མ་སོགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། མཚོ་ཁོངས་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་པ་བཅས་བྱས་ཏེ། ཁྱོན་ཡོངས་དང་ཆུ་ཚད་མཐོ་བའི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་སྔ་ཙམ་འཇོག་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་ཡོད་པས་ཉེན་ཁ་དང་འགྲན་སློང་ཡང་ཡང་ཐོན་བཞིན་ཡོད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡས་ཐུན་མོང་ཐོག་དུས་རབས་ཀྱི་འགན་འཁྲི་ཁུར་ནས་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་སྟོབས་ཤུགས་དང་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་འཐབ་ཇུས་རང་བརྟེན་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར། ས་ཁུལ་གྱི་བདེ་འཇགས་དང་འཕེལ་རྒྱས་སྲུང་སྐྱོང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་དར་ལ་སྣེ་ཁྲིད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་འདོད་ཡོད།
ཕུའུ་ལ་པོ་ཝོ་ཡིས་གསུངས་དོན། ཉེ་བའི་ལོ་ཤས་རིང་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཐུག་འཕྲད་ཐེངས་4བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གལ་ཆེན་ཡོང་བར་སྐུལ་འདེད་བཏང་ཡོད། ཧིན་རྡུ་ཉི་ཞི་ཡ་དང་ཀྲུང་གོའི་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཟབ་པ་དང་། རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། དཔལ་འབྱོར་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མཚོ་ཐོག་གི་ཐུན་མོང་གསར་སྤེལ་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བཅས་བྱུང་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཐའེ་དབན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཧིན་རྡུ་ཉི་ཞི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་དང་མི་དམངས་ཀྱིས་ཐུགས་རྗེ་ཆེ་ཞུ་གི་ཡོད་ལ། ཀྲུང་གོ་དང་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོའི་མ་འཇོག་ཁེ་ལས་ཧིན་རྡུ་ཉི་ཞི་ཡར་མ་འཇོག་ལས་དར་བྱེད་པར་ཡོང་བར་སེམས་གཏིང་ནས་དགའ་བསུ་ཞུ་གི་ཡིན་ལ། བློས་འགེལ་ཆེ་ལ་བརྟན་པ་དང་སྔོན་དཔག་ཐུབ་པའི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུར་གཞོལ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་གཙོ་གཉེར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྣེ་ཁྲིད་བྱས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་ནུས་པ་བཏོན་པར་ཧིན་རྡུ་ཉི་ཞི་ཡས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས། རྒྱལ་སྤྱིའི་འདུམ་འགྲིག་ཁང་སོགས་དང་མཐུན་སྦྱོར་དང་གཞོགས་འདེགས་ཤུགས་ཆེར་གཏོང་བ་དང་། ཕྱོགས་མང་རིང་ལུགས་བརྟན་སྲུང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།