དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒན་རྒོན་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

    ​ལི་ཆང་རྒྱལ་ཡོངས་ཀྱི་རྒན་རྒོན་ལས་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-21

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒན་རྒོན་ལས་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་རྒན་རྒོན་ལས་དོན་ལ་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་པ་དང་། རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས། རྒྱ་ཆེའི་རྒན་རྒོན་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས། ཁྱིམ་ཚང་བཅས་མཉམ་ཤུགས་བསྒྲིལ་རྒྱུ་མཐའ་འཁྱོངས་བྱེད་པ། རྒན་རྒོན་གྱི་སྤྱི་ཚོགས་འགན་སྲུང་དང་། རྒན་གསོའི་ཞབས་ཞུ། བདེ་ཐང་ཞབས་ཞུ། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) སྤྱི་ཚོགས་ཞུགས་པ་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ། དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྒན་རྒོན་ལ་སྲི་ཞུ་དང་གུས་བཀུར་གྱི་ཁོར་ཡུག་བཟང་པོ་གཏོད་པ། རྒན་རྒོན་མཐུན་འཕྲོད་ཀྱི་སྤྱི་ཚོགས་སྐྲུན་པ་བཅས་བྱས་ཏེ། རྒན་རྒོན་གྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཧུར་ཐག་ཡོང་བར་བྱེད་དགོས།

    རྒྱལ་ཡོངས་ཀྱི་རྒན་རྒོན་ལས་དོན་ཚོགས་འདུ་ཚེས་18དང་19ཉིན་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་རང་རྒྱལ་གྱི་རྒན་རྒོན་ལས་དོན་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་དང་། རྒྱང་ལམ་གསར་པར་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ཁ་ཕྱོགས་དང་ཐབས་ལམ། གཙོ་གནད་ལས་འགན་བཅས་གསལ་བཤད་གཏིང་ཟབ་གནང་བས། ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་ཟབ་མོ་བླངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་པ་རེད།

    ལི་ཆང་གིས་ནན་བཤད་གནང་དོན། རྒན་རྒོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ། མི་འབོར་ན་རྒས་ཅན་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་པར་ཆུད་པ་དང་། མི་འབོར་ན་རྒས་ཅན་ལས་བྱུང་བའི་ཤུགས་རྐྱེན་ཟབ་མོར་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ། རང་རྒྱལ་གྱི་མི་འབོར་ན་རྒས་ཅན་ལ་ཁ་གཏད་གཅོག་པའི་དམིགས་བསལ་ལེགས་ཆར་ངོས་འཛིན་གང་ལེགས་བཅས་བྱས་ནས། རྒན་རྒོན་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་རང་འགུལ་རང་བཞིན་རང་རྟོགས་ངང་ཆེ་རུ་གཏོང་དགོས། མི་འབོར་ན་རྒས་ཅན་གྱི་འཕེལ་ཕྱོགས་དང་འགྱུར་ལྡོག་ལ་བསྟུན་ཏེ། རིམ་དབྱེ་རིགས་དབྱེའི་ངང་རྒན་རྒོན་ལས་དོན་ཡག་པོ་སྒྲུབ་པ་དང་། རྒན་རྒོན་ཚོགས་སྤྱིའི་ལོ་ཚད་དང་བདེ་ཐང་གནས་ཚུལ་གྱི་ཧེ་བག་ཁོང་དུ་ཆུད་པར་བྱས་ནས་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་ལས་རྒྱུ་ཡོད་པ་ཕན་ཚུན་སྤྱི་འདོམས་ཐུབ་པར་མཐོང་ཆེན་བྱེད་དགོས། རྒན་རྒོན་ཚོགས་སྤྱིའི་དཔལ་འབྱོར་ཆ་རྐྱེན་གྱི་ཧེ་བག་ཁོང་དུ་ཆུད་པར་བྱས་ནས་ཞབས་ཞུ་འགན་སྲུང་གི་སྐས་རིམ་མཁོ་སྤྲོད་ལ་མཐོང་ཆེན་བྱེད་དགོས། རྒན་རྒོན་ཚོགས་སྤྱིའི་རྒན་གསོ་བྱེད་སྟངས་ཀྱི་ཧེ་བག་ཁོང་དུ་ཆུད་པར་བྱས་ནས་ཁྱིམ་སྡོད་དང་། སྡེ་ཁུལ། སྒྲིག་གཞི་བཅས་ཀྱི་ཞབས་ཞུ་འབྲེལ་མཐུད་མཐུན་སྦྱོར་ལ་མཐོང་ཆེན་བྱེད་དགོས། རྒན་རྒོན་ཚོགས་སྤྱིའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཁྱབ་ཚུལ་གྱི་ཧེ་བག་ཁོང་དུ་ཆུད་པར་བྱས་ནས་སྲིད་ཇུས་ཀྱི་དོ་སྙོམས་རང་བཞིན་དང་གནད་སྨིན་རང་བཞིན་ལ་མཐོང་ཆེན་བྱེད་དགོས།

    ལི་ཆང་གིས་གསུངས་དོན། རྒན་རྒོན་གྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རྒན་རྒོན་གྱི་དགོས་མཁོ་སྐོང་བར་དམིགས་ཏེ། རྒན་རྒོན་ལས་དོན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒན་རྒོན་གྱི་གཞི་རྩའི་འཚོ་བའི་དགོས་མཁོར་དམིགས་ནས་རྒན་གསོའི་འགན་སྲུང་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བརྟན་པོ་གཏོང་དགོས། རྒན་རྒོན་གྱི་ལུས་སེམས་བདེ་ཐང་གི་དགོས་མཁོར་དམིགས་ནས་བདེ་ཐང་ལ་སྐུལ་འདེད་དང་བསམ་པའི་རིག་གནས་ཞབས་ཞུར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་དགོས། རྒན་རྒོན་གྱི་རིན་ཐང་མངོན་འགྱུར་བྱེད་པའི་དགོས་མཁོར་དམིགས་ནས་ཁོང་ཚོ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་ཞུགས་པའི་བར་མཐོངས་རྒྱ་སྐྱེད་ཧུར་ཐག་གཏོང་དགོས། རྒན་རྒོན་གྱི་སྤུས་ཚད་ཅན་གྱི་འཛད་སྤྱོད་དགོས་མཁོར་དམིགས་ནས་དབུ་དཀར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཁག་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། སེམས་ནུས་ཡོད་རྒུས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། རྒན་རྒོན་ལས་དོན་ལ་འགན་སྲུང་བརྟན་པོ་བྱེད་དགོས།

    རྒྱལ་དོན་ཨུ་ཡོན་དང་རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེན་དབྱི་ཆིན་གྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། རྒན་རྒོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཆང་གི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”དམིགས་ཚད་ལས་འགན་ལ་དམིགས་པ་དང་། རྒན་རྒོན་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ། རྒན་རྒོན་གྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ཏེ། རྒྱང་ལམ་གསར་པའི་རྒན་རྒོན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    དམངས་སྲིད་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། པེ་ཅིང་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། སི་ཁྲོན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཝུའུ་ཀྲེང་ལུང་ཚོགས་འདུར་ཞུགས་ཡོད་པ་རེད།

    རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ལྷན་གྱི་ཨུ་ཡོན་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་བཅས་དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། འབྲེལ་ཡོད་མི་དམངས་ཚོགས་པ་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།