ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ།

ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ།
ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། འདས་ཟིན་པའི་ཟླ་ཤས་རིང་། པེ་ཅིང་ནས་ཝ་ཧྲིང་ཐོན་བར་ང་དང་ཙུང་ཐུང་ཐེ་རོན་ཕུས་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་དབར་གྱི་ཡང་དག་པའི་མཉམ་གནས་ལམ་བུ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ནས། “ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ”ཡི་ངེས་གནས་གསར་པ་གཏན་འཁེལ་བྱས་པ་དང་འབྲེལ། དེར“བརྩི་འཇོག་དང་། དྲང་གཞག འདྲ་མཉམ”བཅས་ཀྱི་ནང་དོན་གསར་པ་བསྣན་པར། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁས་ལེན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། ཀྲུང་ཨའི་འབྲེལ་བ་སྤྱིའི་ཆ་ནས་བརྟན་པོ་དང་ལེགས་སུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་ཡོད་ལ། འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་ཡང་བསྣན་ཡོད། ངས་ཙུང་ཐུང་ཐེ་རོན་ཕུ་དང་མཉམ་དུ་མུ་མཐུད་ཀྲུང་ཨའི་འབྲེལ་བར་ཕྱོགས་འཛིན་ལམ་ཁྲིད་བྱས་ནས་གྲུ་གཟིངས་ཆེན་པོ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་མཚོ་ལམ་བརྒྱུད་གྲུ་གཡོར་བསྒྲེངས་ནས་རྒྱང་སྐྱོད་ཐུབ་པར་འགན་ལེན་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་པ་ནི་སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས། གདོང་མཆོང་དང་ཚོད་ལྟ་བྱེད་ཕོད་པ་དང་། ཏན་ཏན་ཏིག་ཏིག བྱེད་མཁས་ལ་རྗེས་ཐོན་པ་བཅས་བྱེད་དགོས། ཀྲུང་ཨའི་གཙོ་བདག་གི་ཕྱི་འབྲེལ་གྱི་ཁྲིད་སྟོན་ནུས་པ་ནི་གཞན་གྱིས་ཚབ་བྱེད་ཐབས་བྲལ་བ་ཞིག་རེད། མིག་སྔའི་ཀྲུང་ཨའི་འབྲེལ་བ་བརྟན་ལ་ལེགས་པའི་འཕེལ་ཕྱོགས་རྒྱུན་མཐུད་པར་འགག་རྩ་ནི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཐད་བྱ་སྤྱོད་སྤེལ་རྒྱུར་རག་ལས་ཡོད། ཕྱོགས་གཉིས་པོའི་ཚོགས་པའི་འབྲེལ་གཏུག་ཀྱང་རྗེས་ཟིན་པ་དགོས། མཉམ་ལས་ཀྱི་གསལ་ཐོ་མང་དུ་གཏོང་བ་དང་གནད་དོན་གྱི་གསལ་ཐོ་ཁུ་བསྡུས་སུ་བཏང་ནས་གནས་སྐབས་ཐག་གཅོད་མི་ཐུབ་པའི་མི་མཐུན་པའི་ཆར་དགེ་མཚན་ལྡན་པའི་ལྟ་འདོམས་བྱས་ཏེ་འགལ་ཟླ་ཆེ་རུ་མི་འགྲོ་བ་བྱེད་དགོས། ཐའེ་དབན་གྱི་གནད་དོན་ཐད། ཨ་རི་ཕྱོགས་ཀྱིས་ཡང་དག་པའི་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཨའི་འབྲེལ་བར་འགལ་རྐྱེན་ཆེན་པོ་མི་ཐོན་པ་བྱེད་དགོས། དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཐད་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཕན་ཚུན་གྱི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ་གཉིས་ཁེ་གཉིས་ཕན་བརྩོན་ལེན་བྱེད་དགོས། རྒྱལ་ཁབ་གཉིས་པོར་དུག་འགོག་དང་། ཁྲིམས་འགལ་གྱི་གནས་སྤོས་མི་སེར་ཕྱིར་ལོག་གཏོང་བ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པས་བརྩི་འཇོག་དང་། དྲང་གཞག འདྲ་མཉམ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས། ཀྲུང་ཨས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་ཀྱི་བདེ་འཇགས་ཉེན་ཁར་དོགས་ཟོན་བྱས་ཏེ་མི་ཐབས་རིག་ནུས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ཚོད་འཛིན་འོག་གནས་ཐུབ་པར་འགན་ལེན་བྱེད་དགོས།
ཐེ་རོན་ཕུས་ཀྲུང་གོ་ཕྱོགས་ཀྱིས་ཁོང་ལ་སྤྲོ་སེམས་འཁོལ་བའི་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཕྱི་འབྲེལ་བཙུགས་ནས་ལོ་40ལྷག་ཙམ་སོང་རིང་ཨ་ཀྲུང་དབར་གྱི་འབྲེལ་བར་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད། ང་རང་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་ཐུབ་ནས་མཛའ་གཅུགས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཏེ་ཨ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྣེ་ཁྲིད་བྱས་ཡོད། རྒྱལ་ཁབ་གཉིས་པོའི་ཚོང་དོན་དང་མ་འཇོག་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཧྥེན་ཐའེ་ཉི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་ཨ་ཀྲུང་འབྲེལ་བ་འཕེལ་རྒྱས་བརྟན་པོ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཞིང་ལས་ཐོན་རྫས་དང་། ནུས་རྒྱུ། རིམ་འདས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རང་སོ་སོས་དོ་ཁུར་བྱེད་པའི་གནད་དོན་དྲང་གཞག་ངང་ཐག་གཅོད་ཡག་པོ་བྱེད་དགོས། ཨ་རིས“ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་བདེ་བླག་ངང་འཚོགས་པར་རྟེན་འབྲེལ་ཞུ་གི་ཡིན། ཨ་རིར་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ལ་ཀྲུང་གོར་ཡང་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཁྲིད་སྟོན་དང་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཕྱོགས་གཉིས་པོས་ད་ཐེངས་ཀྱི་ཞལ་འཛོམས་ནི་དགེ་མཚན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་གནང་ཞིང་། དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་བྱ་སྤྱོད་འཆར་གཞི་བཟོ་བ་དང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ་བརྩི་འཇོག་དང་། དྲང་གཞག འདྲ་མཉམ་བཅས་ལ་གཞིགས་པའི་ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་རྒྱུར་མོས་མཐུན་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཐུགས་ཁུར་གནང་བའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ད་དུང་དགོངས་འཆར་བརྗེ་རེས་ཀྱང་གནང་བ་རེད།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།