དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱི་གཙོ་བདག་གི་ཞལ་འཛོམས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-21


    ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ལྷན་དུ་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱི་གཙོ་བདག་གི་ཞལ་འཛོམས་གནང་བ།

    ཟླ་11ཚེས་19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ལྷན་དུ་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱི་གཙོ་བདག་གི་ཞལ་འཛོམས་གནང་ཞིང་། རྒྱལ་ཁབ་གསུམ་པོའི་གཙོ་བདག་གིས། “འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་འཐབ་ཇུས་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས་པའི”བརྗོད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་གཏིང་ཟབ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པ་མཐོ་ཤོས་ལོ་རྒྱུས་ཐོག་མཉམ་འཛོམས་ཐེངས་དང་པོ་བྱས་པར་གསར་གཏོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ལོ་རྒྱུས་ཀྱིས་ང་ཚོར་བསྟན་དོན།རྒྱལ་ཁབ་ཆེན་པོ་འཆམ་མཐུན་བྱུང་ན་འཛམ་གླིང་ཞི་བདེ་ཡོང་བ་དང་། རྒྱལ་ཁབ་ཆེན་པོར་དམག་འཁྲུག་ལངས་ན་འཛམ་གླིང་ཟང་ཟིང་ཆགས་སྲིད། ཞི་བདེ་ནི་མིའི་རིགས་སྤྱི་ཚོགས་ཀྱི་གཏན་གྱི་འདུན་པ་ཡིན། ང་ཚོའི་སའི་གོ་ལ་འདིར་དེ་སྔ་དམག་འཁྲུག་ཐེངས་ཁྲི་1ལྷག་ཙམ་བྱུང་མྱོང་བ་དང་། མིག་སྔར་འཛམ་གླིང་ཐོག་སྔར་བཞིན་ས་ཁུལ་60ལྷག་ཙམ་དབར་གདོང་གཏུག་བྱུང་བཞིན་ཡོད། ལོ་80ལྷག་ཙམ་གོང་། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན་པའི་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་གྱིས་དཔུང་པ་མཉམ་གཤིབ་ངང་འབད་འཐབ་བྱས་ཏེ་རྒྱལ་ཁ་རླབས་པོ་ཆེ་བླངས་ནས་འཛམ་གླིང་ལ་ཞི་བདེ་དང་ལྷིང་འཇགས་ཡོང་བར་བྱས་ཡོད། ལོ་རྒྱུས་ནི་བསླབ་གཞི་ཡག་ཤོས་ཤིག་རེད། ང་ཚོས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གཏོད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིའི་རིགས་སའི་གོ་ལ་གཅིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད་པས་ལས་དབང་གཅིག་མཐུན་ཚོགས་པ་ཞིག་རེད། སའི་གོ་ལ་འདིར་རྒྱལ་ཁབ་ཆེན་པོས་དམིགས་བསལ་གྱི་འགན་འཁྲི་འཁུར་བཞིན་ཡོད། རྒྱལ་ཁབ་ཆེན་པོའི་དབར་གྱི་དགེ་མཚན་ལྡན་པའི་མཉམ་འགུལ་ནི་གདམ་གསེས་འདྲི་གཞི་མིན་པར་དེ་ནི་ངེས་འདེབས་འདྲི་གཞི་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་ཧུར་ཐག་འཛུགས་པ། ཞི་བདེ་མཉམ་གནས་དང་། སྤྱི་ཡོངས་བརྟན་ལྷིང་། དོ་སྙོམས་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། ཕྱོགས་གཉིས་ཀར་ཕན་པ་ཐོབ་པ་མ་ཟད་འཛམ་གླིང་ལའང་བདེ་རྩ་བསྐྲུན་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས་གནམ་འོག་དེ་ཙམ་ཞི་བདེ་མེད། འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱིས་ངེས་པར་དུ་མིག་དཔེ་ཡག་པོ་བསྟན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་བཅག་སྟེ་ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ནས་མིའི་རིགས་ཡར་ཐོན་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། རྒྱལ་ཁབ་ཆེན་པོས་མཉམ་གནས་ཡང་དག་དང་ཐུན་མོང་ཐོག་འཛམ་གླིང་ཞི་བདེ་ཐ་སྐྱོང་ཇི་ལྟར་བྱེད་པ་ནི་ངེས་པར་དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན། ཁོང་གིས་དེའི་ཐད་གཟིགས་སྟངས་ཁག་བཞི་བཏོན་གནང་བ་སྟེ།

    གཅིག་ནས་ཕན་ཚུན་བརྩི་འཇོག་རྒྱུན་འཁྱོངས་བྱེད་དགོས། ཕན་ཚུན་བརྩི་འཇོག་བྱ་རྒྱུ་ནི་རྒྱལ་ཁབ་ཆེན་པོའི་དབར་འགྲོ་འོང་བྱེད་པའི་གཞི་རྩའི་ཚད་གཞི་རེད། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་པོའི་རྒྱལ་བབ་མི་འདྲ་བས་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། དེའི་ནང་ཕན་ཚུན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་དང་། རང་རང་སོ་སོས་གདམ་ག་བྱས་པའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བཅས་བྱེད་དགོས། རྒྱལ་ཁབ་གཞན་དག་གི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་རང་སོ་སོའི་ནང་ཁུལ་གྱི་དོན་དག་ལ་ཐེ་ཇུས་མི་བྱེད་པ་མཐའ་འཁྱོངས་བྱེད་དགོས། ཕར་ཕྱོགས་དང་འབྲེལ་བ་ཡོད་པའི་ཚོར་སྣང་སྐྱེན་པའི་གནད་དོན་གལ་ཆེན་ཐད་སྔོན་ལ་འབྲེལ་གཏུག་དང་། གནས་བརྗེས་བསམ་གཞིགས། གཟབ་ནན་ལས་སྒྲུབ་བཅས་བྱེད་དགོས་པ་དང་། ལྷག་པར་དུ་ཕར་ཕྱོགས་ཀྱི་མཐའ་ཚད་ལས་འགལ་མི་རུང་།

    གཉིས་ནས་ཞི་བདེ་མཉམ་གནས་རྒྱུན་འཁྱོངས་བྱེད་དགོས། “ཤིའུ་ཞི་ཏི་ཏེའི་དོང་རྙི”ནི་ལས་དབང་ཞིག་གཏན་ནས་མིན། འགག་རྩ་ནི་རྒྱལ་ཁབ་ཆེན་པོ་གཙོ་བོས་གདམ་ག་ཇི་ལྟར་བྱེད་མིན་ལ་བལྟ་དགོས། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱིས་རོགས་ཟླ་ཡག་པོ་དང་གྲོགས་པོ་ཡག་པོ་བྱེད་པ་ལས་གདོང་གཏུག་མི་བྱེད་པ་དང་འགྲན་རྒོལ་མི་བྱེད་པར་ཞི་བདེ་མཉམ་གནས་ཀྱི་མཐའ་ཚད་སྲུང་དགོས། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཚང་མ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁ་ཐོབ་མཁན་རྒྱལ་ཁབ་གཙོ་བོ་ཡིན་པས། ངེས་པར་དུ་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་ལ་སྲུང་སྐྱོང་བྱེད་པ། ཐོབ་པར་དཀའ་བའི་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ལ་སྲུང་སྐྱོང་བྱེད་དགོས། ཉིང་རྡུལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་མི་སྲིད་ལ་དམག་འཁྲུག་རྒྱག་ཀྱང་མི་རུང་བས། འབད་བརྩོན་གང་ཐུབ་བྱས་ནས་སྔོན་འགོག་བྱེད་དགོས།

    གསུམ་ནས་མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་གྱི་འཕེལ་རྒྱས་ནུས་པ་མི་འདྲ་བ་དང་། དཔལ་འབྱོར་གྱི་གསབ་རེས་རང་བཞིན་ཆེ་བས་རང་ངོས་ཀྱི་ལེགས་ཆ་བཏོན་ནས་མཁོ་ཟོག་ཕན་ཚུན་བརྗེ་འཚོང་རྒྱག་ཆོག དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་པ་ལས“འབྲེལ་རྒྱུན་གཅོད་པ”གཏན་ནས་བྱེད་མི་རུང་། གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་ལ་འགྲན་སློང་དྲག་པོ་འཕྲད་ཡོད་པས་རྒྱལ་ཁབ་གསུམ་པོས་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་བརྟན་པོ་ཐུབ་རྒྱུར་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་གོ་ལ་ཧྲིལ་པོའི་ནུས་རྒྱུའི་ཁྲོམ་རའི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས།

    བཞི་ནས་གླེང་མོལ་དང་གྲོས་མོལ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ཆེན་པོའི་དབར་མི་མཐུན་ས་ཡོད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། གལ་སྲིད་འབྲེལ་མཐུད་མ་བྱས་ན། དོགས་པ་ཇེ་ཆེར་དང་འགལ་ཟླ་ཆུང་ངུ་དེ་གདོང་གཏུག་ཆེན་པོར་འགྱུར་སྲིད། རྒྱལ་ཁབ་གསུམ་པོས་རྒྱུན་རྣམ་ཅན་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་ཁག་གི་གླེང་མོལ་ཐབས་ལམ་ཤར་གཏོང་བྱེད་པ། ཉམས་ཉེན་འབྲེལ་གཏུག་དང་སྔོན་འགོག་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་བརྡར་ཤ་གཅོད་ནོར་ཤོར་ཉུང་ཙམ་དང་། མི་མཐུན་པའི་ཆར་དོ་དམ་ཐུབ་པ། རྩོད་རྙོག་ཆེ་རུ་མི་འགྲོ་བ་བཅས་ལ་འགན་ལེན་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་ཆེན་པོས་གླེང་མང་བའི་གནད་དོན་ཐད་བར་འདུམ་མཐུན་འཇུག་གི་ལས་དོན་མང་ཙམ་སྤེལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་རྒྱལ་ཁབ་གསུམ་པོས་ངེས་པར་དུ་གདོང་གཏུག་བྱེད་མཁན་ཕྱོགས་སོ་སོ་དང་མུ་མཐུད་གྲོས་མོལ་བྱས་ནས་ཆབ་སྲིད་ཀྱི་ཕྱི་འབྲེལ་བྱེད་ཐབས་བརྒྱུད་རྩོད་གཞི་འདུམ་འགྲིག་བྱེད་དགོས།

    ཕུའུ་ཅིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ནས་ལོ་རྒྱུས་ཐོག་གི་ཨུ་རུ་སུ་དང་། ཀྲུང་གོ ཨ་རི་བཅས་ཀྱི་གཙོ་བདག་དབར་ཞལ་འཛོམས་ཐེངས་དང་པོ་བཀོད་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཨུ་རུ་སུ་དང་། ཀྲུང་གོ ཨ་རི་བཅས་ཚང་མ་ནི་རྒྱལ་ཁབ་ཆེན་པོ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཀྱིས་ང་ཚོ་མཉམ་དུ་སྦྲེལ་བས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་ལ་སྲུང་སྐྱོང་དང་རྒྱལ་སྤྱིའི་ཞི་བདེར་སྲུང་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་གསུམ་པོའི་ཐུན་མོང་གི་འགན་འཁྲི་ཡིན་པས། གླེང་མང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱལ་ཁབ་གསུམ་པོའི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། རྒྱལ་ཁབ་གསུམ་པོས་བདག་དབང་འདྲ་མཉམ་དང་ནང་སྲིད་ལ་ཐེ་ཇུས་མི་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་མཉམ་ལས་བརྒྱུད་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་དོ་སྙོམས་བྱེད་ཐབས་འཚོལ་དགོས། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཨ་རི་ཕྱོགས་ལ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གླེང་མོལ། ཞི་བདེ་མཉམ་གནས། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བཅས་བྱས་ནས་རང་མོས་སྒོ་དབྱེའི་རྒྱལ་སྤྱིའི་ཚོང་དོན་ལ་སྐུལ་འདེད་གཏོང་བ་དང་། ནུས་རྒྱུ་དང་འབྲུ་རིགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། མི་ཐབས་རིག་ནུས་བཅོས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་ཐུན་མོང་ཐོག་ལེགས་སྐྱེས་འབུལ་འདོད་ཡོད།

    ཐེ་རོན་ཕུས་གསུངས་དོན། ཨ་རི་དང་། ཀྲུང་གོ ཨུ་རུ་སུ་བཅས་རྒྱལ་ཁབ་གསུམ་པོའི་གཙོ་བདག་ཞལ་འཛོམས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པ་དང་ཧ་ཅང་གལ་འགངས་ཆེ་ལ་ལོ་རྒྱུས་ཀྱང་བཏོད་ཡོད། རྒྱལ་ཁབ་གསུམ་པོ་ཚང་མ་ནི་ཉིང་རྡུལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཡིན་པས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར་དམིགས་བསལ་གྱི་འགན་འཁྲི་གལ་ཆེན་ཡོད། ཕྱོགས་གསུམ་པོས་མཉམ་དུ་ཉིང་རྡུལ་ཁྱབ་འགྱེད་འགོག་པ་དང་ཉིང་རྡུལ་མཚོན་ཆས་མིའི་རིགས་ལ་གནོད་འཚེ་མི་ཕོག་པར་བྱེད་དགོས། བརྟན་ལྷིང་ལ་སྲུང་སྐྱོང་དང་ཞི་བདེ་མངོན་འགྱུར་ཡོང་བར་གླེང་མོལ་བྱེད་དགོས་པས་གནད་དོན་གང་ཞིག་ཡིན་རུང་གླེང་མོལ་བརྒྱུད་ཐག་གཅོད་བྱེད་དགོས། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་ང་ཚོའི་སའི་གོ་ལར་སྲུང་སྐྱོང་དེ་བས་ལེགས་པར་བྱས་ཏེ་འབྱུང་འགྱུར་ལ་དེ་བས་བདེ་འཇགས་ལྡན་པའི་རེ་སྒུག་བྱེད་ཀྱི་ཡོད།

    རྒྱལ་ཁབ་གསུམ་པོའི་གཙོ་བདག་གིས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་། ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་མི་འགྲོ་བ། འཛམ་གླིང་དབུས་ཤར་གྱི་དུས་བབ། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱི་གཙོ་བདག་གི་ད་ཐེངས་ཀྱི་ཞལ་འཛོམས་ནི་ཕན་བསྐྱེད་ཆེ་བ་དང་དགེ་མཚན་ལྡན་པ་ཞིག་ཡིན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་གསུམ་པོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ཐད་ལྟ་སྟངས་གཅིག་མཚུངས་འཛིན་གྱི་ཡོད། རྒྱལ་ཁབ་གསུམ་པོས་འཛམ་གླིང་དམག་ཆེན་གཉིས་པའི་རིང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པའི་ལོ་རྒྱུས་བློ་ལ་ངེས་ཡོད་པས་ཐོབ་པར་དཀའ་བའི་ཞི་བདེར་གཅེས་སྤྲས་བྱེད་དགོས་པ་དང་རྒྱལ་ཁབ་ཆེན་པོས་རྒྱལ་ཁབ་ཁག་གི་ལུགས་མཐུན་བདེ་འཇགས་ལ་དོ་ཁུར་བྱ་རྒྱུར་མཐོང་ཆེན་བྱེད་དགོས་པའི་ནན་བཤད་གནང་བ་དང་། གླེང་མོལ་དང་གྲོས་མོལ་བྱ་རྒྱུ་ནི་མི་མཐུན་པའི་ཆ་སེལ་བའི་གདམ་ག་ཡང་དག་པ་ཞིག་ཡིན་པས། གླེང་མོལ་བྱེད་མཚམས་མ་འཇོག་པ་དང་སྒོ་མོ་མ་བརྒྱབ་ན་ཞི་བདེ་ཡོང་བའི་རེ་བ་ཡོད། མཉམ་ལས་ནི་འགྲན་སློང་ལ་ཁ་གཏད་གཅོག་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས། ཐུན་མོང་གི་ཁེ་ཕན་ལ་གཞིགས་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་དང་གཉིས་ཕན་དོན་གཉེར་བྱེད་དགོས་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེ་རིང་རྒྱལ་ཁབ་གསུམ་པོའི་གཙོ་བདག་ཞལ་འཛོམས་གནང་བའི་ས་བོན་དེ་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་འབྲས་བུ་སྨིན་ངེས་རེད། རྒྱལ་ཁབ་གསུམ་པོས་ཞལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། འབྲེལ་གཏུག་ལ་ཤུགས་སྣོན་མུ་མཐུད་རྒྱག་པ། གླེང་མོལ་ལ་བརྟེན་ནས་ཐུན་མོང་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ། འགན་འཁྲི་ཁུར་ནས་འགྲན་སློང་བསུ་བ། མཉམ་ལས་ལ་བརྟེན་ནས་ཞི་བདེར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    ཚོགས་འདུ་གྲོལ་རྗེས་རྒྱལ་ཁབ་གསུམ་པོས《ཀྲུང་གོ་དང་། ཨུ་རུ་སུ། ཨ་རི་བཅས་ཀྱི་གཙོ་བདག་གི་ཞི་བདེའི་བསྒྲགས་གཏམ》སྤེལ་བ་རེད།

    ཚའེ་ཆི་དང་ཝང་དབྱི་ཞལ་འཛོམས་ལ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།