དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-21


    ཟླ་11ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་ནས། འགོ་བརྗོད་དུ《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ཏེ། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ངོ་མཚར”གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

    ཟླ་11ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་ནས། འགོ་བརྗོད་དུ《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ཏེ། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ངོ་མཚར”གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་ཚོགས་འདུ་མ་འཚོག་གོང་ཞི་ཅིན་ཕིང་གིས་དཔལ་འབྱོར་སྡེ་གཞི་ཁག་གི་འགོ་ཁྲིད་པ་དང་འཐུས་མི་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

     ཟླ་11ཚེས་19ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་རྒྱལ་སྤྱིའི་སྤེལ་རེས་ལྟེ་གནས་སུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་གཙོ་སྐྱོང་གནང་ནས། འགོ་བརྗོད་དུ《ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ཏེ། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ངོ་མཚར”གྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས》ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

    ཟླ་11པར་ཧྲེན་ཀྲེན་དུ་རླུང་བུ་བསིལ་བསིལ་ལྡང་ཞིང་མེ་ཏོག་རྣམ་པར་བཞད།

    ཞི་ཅིན་ཕིང་གིས་ཚོགས་ཞུགས་དཔལ་འབྱོར་སྡེ་གཞི་ཁག་གི་འགོ་ཁྲིད་པ་དང་། འཐུས་མི། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ལ་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་པ་དང་། ཁོང་ཚོ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་ནས། ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་ཞིང་། དེ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ལོ་30ལྷག་ཙམ་གྱི་གོང་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་དུས་བབ་དང་བསྟུན་ནས་བཙུགས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལམ་བུ་བཏོད་ཡོད། ལོ་30ལྷག་གི་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རྣམ་པར་ཉིན་རེ་ལས་མ་འདས་པར་འཕོ་འགྱུར་བྱུང་སྟེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ངོ་མཚར”བཏོད་ཡོད། གོ་སྐབས་དང་འགྲན་སློང་གསར་པའི་མདུན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཐད་ངེས་པར་དུ་དུས་བབ་གསར་པར་བསྟུན་པ་དང་། གོམ་སྟབས་གསར་པ་སྤོ་བ། རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ་ཕྱར་བ་གྲུ་འདེགས་དང་། སྒོ་དབྱེ་མཉམ་འདྲེས། གསར་འབྱེད་གསར་གཏོད། བསྟུན་མཁས་འཕེལ་རྒྱས་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    གཅིག་ནས་ཕྱར་བ་གྲུ་འདེགས་མཐའ་འཁྱོངས་ཀྱིས་ཐུན་མོང་ཁེ་ཕན་གྱི་འབྲེལ་ཐག་དམ་དུ་གཏོང་བ་དང་། དཀའ་ངལ་དང་འགྲན་སློང་ལ་ལག་གདང་དཔུང་སྦྲེལ་གྱིས་ཁ་གཏད་བཅག་ནས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། གཉིས་ནས་སྒོ་དབྱེ་མཉམ་འདྲེས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། སྒོ་དབྱེ་ལས་གཞན་འབུད་མི་བྱེད་པ་དང་མཉམ་འདྲེས་ལས་ཁ་ཕྲལ་མི་གཏོང་བའི་མཉམ་ལས་ཀྱི་རྣམ་པ་གཏོད་པ། རང་མོས་སྒོ་དབྱེའི་ཚོང་དོན་དང་མ་འཇོག་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་འཕར་རྒྱུར་དེ་བས་ཡངས་པའི་བར་མཐོངས་གཏོད་དགོས། གསུམ་ནས་གསར་འབྱེད་གསར་གཏོད་མཐའ་འཁྱོངས་ཀྱིས་ཚན་རྩལ་སྤེལ་རེས་དང་མཉམ་ལས་ལ་སྐུལ་ལྕག་གཏོང་བ་དང་། གསར་གཏོད་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ། སྒོ་དབྱེ་དང་། འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་མཉམ་ལས་ཁོར་ཡུག་གཏོད་པ། ལམ་སྲོལ་གྱི་འདུ་ཤེས་གསར་གཏོད་དང་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་གྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་འདོན་སྤེལ་བྱེད་དགོས། བཞི་ནས་བསྟུན་མཁས་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀུན་ཕན་མཉམ་སྤྱོད་ཐུབ་པར་བྱེད་པ་དང་། དམངས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ། ཕྱོགས་ཁག་གི་བདེ་རྩར་ལྟ་རྟོག་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པའི་དམིགས་ཚད་མངོན་འགྱུར་ཡོང་བར་ཆ་རྐྱེན་བཟང་པོ་གསོག་འཇོག་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་དར་སྤེལ་གཏོང་མཁན་དང་། སྐུལ་འདེད་གཏོང་མཁན། སྔོན་དུ་སྐྱོད་མཁན་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་བློ་བསྡུས་དགེ་འཚོལ་དང་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པའི“གདུང་བཞི་ཀ་བརྒྱད” མཉམ་དུ་སྐྲུན་འདོད་ཡོད།

    དེ་ཡང་གཅིག་ནས་དཔལ་འབྱོར་ཚོང་དོན་གྱི་ཀ་རྟེན་ལ་ཤུགས་སྣོན་རྒྱག་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རང་མོས་ཉོ་ཚོང་ཁུལ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་ཐུན་མོང་གི་འདུན་པ་ཡིན་པས། དེར་སྐུལ་འདེད་བརྟན་པོ་བཏང་ནས། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པ་གཏོད་དགོས། ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་གྲོས་ཆོད་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་། ཚོང་དོན་མ་འཇོག་སྟབས་བདེ་ཅན་དང་གྲངས་འཛིན་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཚོང་དོན་མ་འཇོག་གི་འགོག་རྐྱེན་ཉུང་དུ་གཏོང་དགོས། སྲིད་ཇུས་ཐད་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་མྱོང་སྤེལ་རེས་དང་ལག་རྩལ་མཉམ་ལས་བྱས་ཏེ། ཆུ་ཚད་མཐོ་བའི་དཔལ་འབྱོར་ཚོང་དོན་གྱི་བཀོད་སྒྲིག་ནང་ཞུགས་པའི་ཕྱོགས་ཁག་གི་ནུས་པ་ཆེ་རུ་གཏོང་དགོས།

    གཉིས་ནས་འབྲེལ་མཐུད་ཀྱི་ཀ་རྟེན་རིམ་སྤོར་བྱེད་དགོས། ཕན་ཚུན་འབྲེལ་མཐུད་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་སྦྲེལ་ཐག་ཡིན། “མཁྲེགས་ཆས་འབྲེལ་མཐུད”སྲ་བརྟན་དུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། “མཉེན་ཆས་འབྲེལ་མཐུད”ཤུགས་ཆེར་བཏང་ནས། སྲིད་ཇུས་དང་ལྟ་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས། “སེམས་པ་འབྲེལ་མཐུད”ཟབ་ཏུ་བཏང་ནས། ཚོང་དོན་ཡུལ་སྐོར་དང་མི་སྣའི་འགྲོ་འོང་སྟབས་བདེར་གཏོང་བ་དང་། མི་ཆོས་རིག་གནས་སྤེལ་རེས་དང་མང་ཚོགས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

    གསུམ་ནས་གསར་གཏོད་ཀྱི་ཀ་རྟེན་སྐྲུན་དགོས། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ནི་གསར་གཏོད་འཕར་སྣོན་གྱི་སྒུལ་བྱེད་འཕྲུལ་འཁོར་ཡིན། གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ས་ཁོངས་ཀྱི་གྲངས་གཞི་བཅོས་སྒྲིག་དང་མཐུན་སྦྱོར་མཉམ་ལས་འཐུས་སྒོ་ཚང་དུ་བཏང་ནས། ནུས་ཆེ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་རྒྱལ་གྲོལ་གྲངས་གཞི་འཁོར་རྒྱུག་ཐུབ་པར་བྱེད་དགོས། སྒོ་དབྱེ་གསར་གཏོད་ཀྱི་ཁོར་ཡུག་བཏོད་དེ། མི་ཐབས་རིག་ནུས་རྒྱ་ཁྱབ་ངང་སྤྱོད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

    བཞི་ནས་འཕེལ་རྒྱས་ཀྱི་ཀ་རྟེན་བརྟན་དུ་གཏོང་དགོས། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ས་ཁོངས་ཀྱི་ནུས་རྒྱུ་དང་འབྲུ་རིགས་ཀྱི་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་གྲོལ་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། ཐོན་ཁུངས་དང་། ཁོར་ཡུག མི་འབོར་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་ལྗང་མདོག་ཐཱན་ཉུང་གི་མཉམ་ལས་རྒྱ་སྐྱེད་བཏང་ནས། དཔལ་འབྱོར་རྒྱུན་མཐུད་ཆོག་པའི་འཕར་སྣོན་ཡོང་བར་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སྐྱོང་མ་འཇོག་ལ་རྒྱབ་སྐྱོར་བྱེད་པ་དང་། བདེ་ཐང་རྒན་རྒོན་ཅན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ། ལས་ཞུགས་དང་ལས་རིགས་རྩལ་ནུས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། བུད་མེད་ལ་དཔལ་འབྱོར་གྱི་དབང་ཆ་སྤྲོད་པ་དང་ན་གཞོན་ཤེས་ལྡན་པའི་སྤེལ་རེས་ལ་རྒྱབ་སྐྱོར་བཅས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཤེས་ལྡན་པའི་གསོན་ཤུགས་རྒྱས་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གསར་ཤོས་ཁྱབ་བསྒྲགས་གནང་ཞིང་། དེའི་ནང་ཨ་སྒོར་ཁྲི་2000བཏང་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དངོས་སྒྲུབ་མཉམ་ལས་ལ་རོགས་སྐྱོར་བྱ་རྒྱུ་དང་། ཧྲེན་ཀྲེན་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་སྲིད་ཇུས་ཞིབ་འཇུག་དང་སྤེལ་རེས་དང་རིག་ནུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ། གྲངས་འཛིན་ལག་རྩལ་དང་། གྲངས་གཞི་རྒྱལ་གྲོལ་འཁོར་རྒྱུག ནུས་རྒྱུ་གཙང་མ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མཉམ་ལས་སྒྲིག་གཞི་བཙུགས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གསར་གཏོད་དང་ལྗང་མདོག་འཕར་སྣོན་ལ་རམ་འདེགས་བྱ་རྒྱུ་བཅས་ཚུད་ཡོད།

    དཔལ་འབྱོར་སྡེ་གཞི་ཁག་གི་འགོ་ཁྲིད་པ་དང་འཐུས་མི་ཚོས་ཚོགས་འདུའི་བརྗོད་དོན་གཙོ་བོ“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་བཙུགས་ནས་ཐུན་མོང་ཐོག་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པར་དམིགས་ནས་རིམ་པ་བཞིན་གཏམ་བཤད་གནང་ཞིང་། ཕྱོགས་ཁག་གིས་APEC“ཀྲུང་གོའི་ལོར”ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་གཟེངས་སུ་ཐོན་པའི་ལས་དོན་བསྒྲུབས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་དང་བྱེད་ཐབས་གལ་ཆེན་དང་ལེན་ཧུར་ཐག་ཀྱང་ཞུས་ཡོད། ཕྱོགས་ཁག་གིས། ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཉེན་ཁ་དང་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་ཡིས་གདན་ཞུས་ལྟར་མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་དུས་བབ་ངོ་སྤྲོད་གནང་བ་རེད།

    ཞི་ཅིན་ཕིང་གིས་ཕྱོགས་ཁག་གི་གཏམ་བཤད་གསན་རྗེས་ཕྱོགས་སྡོམ་གསུང་བཤད་གནང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་རྒྱུའི་ཐད་བཞེད་དགོངས་ཁག་གསུམ་བཏོན་གནང་བ་སྟེ། གཅིག་ནས་ཡིད་ཆེས་བརྟན་དུ་གཏོང་དགོས་ཤིང་། ནུས་ཤུགས་གང་ཡོད་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པའི་ཐུན་མོང་གི་ངོས་འཛིན་དེ་བྱ་སྤྱོད་དུ་འགྱུར་བ་དང་འདུན་པ་དེ་དོན་དངོས་ལ་འགྱུར་བར་བྱེད་དགོས་པ་དང་། གཉིས་ནས་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པའི་ཁ་ཕྱོགས་ཆེན་པོར་གཡོ་འགུལ་མི་གཏོང་བར་དམིགས་པ་དང་། འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་དམ་པ་དོན་གཉེར་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་མཐུན་ཆ་ཆེ་ཤོས་དེར་དམ་འཛིན་བྱས་ཏེ། ཆོས་ཉིད་ལ་བརྩི་འཇོག་དང་། དངོས་འཛིན་དངོས་སྒྲུབ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་མིག་མཐོང་ལག་ཟིན་ཐུབ་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས་པ་བཅས་རེད།

    ཚོགས་འདུའི་མཇུག་ཏུ་མགྲོན་བདག་རྒྱལ་ཁབ་རྩིས་སྤྲོད་རྩིས་ལེན་བྱས་པ་དང་། 2027ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཝེ་ཐེ་ནམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་གྱིས་དཔལ་འབྱོར་སྡེ་གཞི་ཁག་གི་འགོ་ཁྲིད་པ་དང་འཐུས་མི་ཚོ་སང་ལོར་ཝེ་ཐེ་ནམ་དུ་ཚོགས་འདུར་ཕེབས་རྒྱུར་དགའ་བསུ་ཞུས་པ་རེད།

    ཚོགས་འདུའི་ཐོག 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་བསྒྲགས་གཏམ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་བཏོན་པའི“ཧྲེན་ཀྲེན་གྱི་རྒྱང་ལྟ” དེ་བཞིན་ཚོང་དོན་དང་། འབྲེལ་མཐུད། གསར་གཏོད་ཁྱབ་ཁོངས་བཅས་ཀྱི་གྲུབ་འབྲས་ཡིག་ཆ་3ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་རེད།

    ཚའེ་ཆི་དང་ཝང་དབྱི་ཚོགས་འདུར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།