ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཕྱོགས་ཁག་གིས་ཀྲུང་གོས་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་རེ་སྒུག་བྱེད་པ།
—— ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་ཚན་རྩལ་སློབ་ཆེན་གྱི་ཨོ་ཀྲུང་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ལུའོ་ཀྲེན་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ།
“ཀྲུང་གོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་དང་འགག་རྩའི་སྐུལ་འདེད་ཀྱི་སྟོབས་ཤུགས་ཤིག་ཡིན་པས། ས་ཁུལ་གྱི་ཕྱོགས་ཁག་གིས་ཀྲུང་གོས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ། སྒོ་དབྱེའི་མཉམ་ལས་ལས་བྱུང་བའི་འཕེལ་རྒྱས་ཀྱི་ཕན་པ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ཧྲིལ་པོར་ཐོབ་པའི་རེ་སྒུག་རྒྱ་ཁྱབ་ཏུ་བྱེད་ཀྱི་ཡོད”ཅེས་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་ཚན་རྩལ་སློབ་ཆེན་གྱི་ཨོ་ཀྲུང་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ལུའོ་ཀྲེན་གྱིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད།
ལུའོ་ཀྲེན་གྱིས། ད་ལོ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་རེ་མདུན་བཏོན་ནས་ལོ་ངོ་20སོང་བའི་ལོ་ཞིག་ཡིན་ཞིང་། ལོ་རྒྱུས་ཀྱི་འཕེལ་རིམ་ལས། དར་རྒྱས་དང་། བདེ་འཇགས། བརྟན་ལྷིང་བཅས་གསུམ་གཅིག་ཕན་གཅིག་རོགས་ཡིན་པ་གསལ་བཤད་ཐུབ་ཡོད། “གལ་ཏེ་ང་ཚོ་རྒྱལ་ཕམ་གྱི་འཇིག་རྟེན་དུ་ཕྱིར་ལོག་ཚེ་དར་རྒྱས་ཡོང་མི་ཐུབ་ལ། བདེ་འཇགས་ལའང་འགན་ལེན་བྱེད་མི་ཐུབ”ཅེས་བརྗོད།
ལུའོ་ཀྲེན་གྱིས། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་བསྟུན་མཁས་འཕེལ་རྒྱས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ཁུལ་ཁོངས་ཕྱོགས་ཁག་གིས་ཧྲེན་ཀྲེན་གྱི་APECཚོགས་འདུའི་ཐོག་དེ་བས་འཕྲལ་ཐག་ཆོད་པའི་སྲིད་ཇུས་ཀྱི་བྱ་སྤྱོད་བཏོན་ནས། ཚོང་དོན་དང་། མ་འཇོག ལག་རྩལ་གསར་གཏོད་བཅས་ཀྱི་ཕན་འབྲས་ཁྱབ་རྒྱ་དེ་བས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་ནང་ཁུལ་གྱི་འཕེལ་རྒྱས་ཀྱི་ཧེ་བག་དང་གྲངས་འཛིན་གྱི་ཧེ་བག་ཆུང་དུ་གཏོང་བར་རམ་འདེགས་བྱས་ཏེ། དཔལ་འབྱོར་སྡེ་གཞི་དེ་བས་མང་བར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
ལུའོ་ཀྲེན་གྱིས། ཨོ་སི་ཁྲུ་ལི་ཡའི་ངོས་ནས་བརྗོད་ན། ཧྲེན་ཀྲེན་གྱི་APECཚོགས་འདུར་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཕྱོགས་ཁག་གིས་ཚད་མཐོའི་རེ་སྒུག་བྱེད་ཀྱི་ཡོད། ཨོ་སི་ཁྲུ་ལི་ཡའི་ཁེ་ལས་མང་པོ་ཞིག་གིས་ཨོ་ཀྲུང་གིས་ཐུན་མོང་ཐོག་ཕྱོགས་གཉིས་པོའི་དཔལ་འབྱོར་འབྲེལ་བ་ཁྱབ་ཁོངས་གསར་པར་རྒྱ་སྐྱེད་པར་སྐུལ་འདེད་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད། ཨོ་ཀྲུང་རང་མོས་ཚོང་དོན་གྲོས་མཐུན་2015ལོའི་ཟླ་12པ་ནས་དངོས་སུ་གོ་ཆོད་ཅིང་། 2025ལོའི་ཟླ་7པར་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པཱ་ཉི་སིས་ཀྲུང་གོར་འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོས་གྲོས་ཆོད་ལ་སྤྱིའི་གྲོས་ཞིབ་བྱེད་འགོ་འཛུགས་པའི་གཏན་འབེབས་བྱས་ཤིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རིམ་པ་མཐོ་ཤོས་དང་། ཁྱབ་ཁོངས་ཆེ་ཤོས། ཤུགས་རྐྱེན་ཐེབས་ཤོས་བཅས་ཀྱི་དཔལ་འབྱོར་མཉམ་ལས་ལམ་སྲོལ་ཞིག་ཡིན་པའི་APECཡིས་ས་ཁོངས་དཔལ་འབྱོར་སྡེ་གཞིར་མཐོ་རིམ་གླེང་མོལ་དང་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད། ཨོ་ཀྲུང་ཕྱོགས་གཉིས་པོས་APECཡི་སྒྲོམ་གཞིའི་འོག་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་བྱ་ཐབས་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
ཨོ་ཀྲུང་མཉམ་ལས་སྐོར་གླེང་སྐབས། ལུའོ་ཀྲེན་གྱིས་འདས་ཟིན་པའི་ལོ་10ལྷག་ཙམ་རིང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཤིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོས་མཉམ་ལས་གཉིས་ཁེའི་བསམ་བློ་ཐུན་མོང་ཐོག་མཐའ་འཁྱོངས་བྱས་ནས། དེ་སྔའི་འགྲོ་འོང་མཉམ་ལས་ཀྱི་གྲུབ་འབྲས་ལ་སྲུང་སྐྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་སྔ་འཛིན་ཕྱི་གཏོད་བྱེད་པའི་རེ་བ་ཡོད་ཅེས་བརྗོད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཀྱི་མདུན་ལམ་ལ་རྒྱང་ལྟ་བྱེད་སྐབས། ལུའོ་ཀྲེན་གྱིས་ས་ཁུལ་གྱི་ཐུན་མོང་དར་རྒྱས་དང་ཀྲུང་གོའི་རང་ངོས་འཕེལ་རྒྱས་གཉིས་ནི་ཕན་ཚུན་གྲུབ་འབྲས་གཏོད་རེས་བྱེད་པ་ཞིག་རེད། ཧྲེན་ཀྲེན་གྱི་APECཚོགས་འདུ་གོ་སྐབས་གལ་ཆེན་དུ་བརྩིས་ནས། ཕྱོགས་ཁག་གིས་ལག་གདང་སྦྲེལ་ཏེ་མཉམ་ལས་དང་དངོས་སྒྲུབ་དོན་འཁྱོལ་གྱི་བརྡ་རྟགས་གསལ་པོ་སྟོན་པ་དང་། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གྲུབ་འབྲས་དངོས་སྔར་ལས་མང་བ་ཐོབ་པར་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་བརྟན་ལྷིང་དང་འཕེལ་རྒྱས་ལ་རམ་འདེགས་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།