“སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད། མཚོ་སྔོན་གྱི་ཐོན་རྫས་པེ་ཅིང་དུ་འགྲེམས་སྟོན་བྱེད”ཅེས་པའི་བྱེད་སྒོའི་ཟླ་བ་པེ་ཅིང་དུ་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་11ཚེས་17ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་དང་ཞིང་ཨུད་རྩ་འཛུགས་པུའུ་མཚོ་སྐྱོར་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“སྟོབས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད། མཚོ་སྔོན་གྱི་ཐོན་རྫས་པེ་ཅིང་དུ་འགྲེམས་སྟོན་བྱེད་པའི”2026ལོའི་དུས་ཚིཌ་བཞི་པའི“མཚོ་སྔོན་གྱི་ཐོན་རྫས་ཡག་པོ”རྒྱལ་ཁབ་པུའུ་ཨུད་དང་ཀྲུང་དབྱང་གི་ཁེ་ལས་སུ་འགྲེམས་སྟོན་བྱེད་པའི་བྱེད་སྒོའི་ཟླ་བའི་འགོ་ཚུགས་མཛད་སྒོ་པེ་ཅིང་ཀྲུང་གོའི་ལྕགས་རིགས་སྣ་ལྔའི་གཏེར་རྫས་ཚོགས་པར་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོའི་ཟླ་བ་ཟླ་11ཚེས་9ཉིན་ནས་སྔོན་ལ་སྤེལ་འགོ་ཚུགས་པ་དང་སྐོར་སྐྱོད་འགྲེམས་ཚོང་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོ་གཉེར་བ་དེ་ཐོག་ནས་རིམ་སྤེལ་བྱེད་སྒོ་དངོས་སུ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་མཚོན་ཡོད། དེའི་རིང་སྤུས་ལེགས་ཁེ་ལས་117སྒྲིག་འཛུགས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་རྫས་རིགས་1000ལྷག་ཙམ་རྒྱལ་ཁབ་པུའུ་ཨུད་11དང་ཀྲུང་དབྱང་ཁེ་ལས་5རུ་སྐོར་སྐྱོད་འགྲེམས་ཚོང་གི་སྦྲེལ་མཐུད་བྱེད་སྒོ་གཉེར་རྒྱུ་རེད།
ད་རེས་ཀྱི་བྱེད་སྒོར་ཁ་གཏད་མཚོ་སྐྱོར་གྱི་རོགས་ལས་ལམ་སྲོལ་དང་ཀྲུང་དབྱང་ཚན་པའི་ཐོན་ཁུངས་ཀྱི་ལས་སྟེགས་ལ་བརྟེན་ནས་མཚོ་སྔོན་དང་ཀྲུང་དབྱང་ཚན་པའི་རྒྱུན་རྣམ་ཅན་གྱི་སྤེལ་རེས་མཉམ་ལས་ཀྱི་སྦྲེལ་ཟམ་བསྐྲུན་པ་དང་། རྒྱལ་ཁབ་པུའུ་ཨུད་དང་ཀྲུང་དབྱང་ཁེ་ལས་ནང་ཁུལ་གྱི་འཛད་སྤྱོད་ཁྲོམ་ར་དང་གཅིག་སྡུད་ཉོ་སྒྲུབ་མ་ལག་གང་ལེགས་སྤྱད་དེ་ཐོན་ཁུངས་ཕན་ཚུན་འབྲེལ་མཐུད་དང་། ལེགས་ཆ་གསབ་རེས། མཁོ་སྤྲོད་སྦྲེལ་མཐུད་གནད་སྨིན་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། པེ་ཅིང་དུ་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་པ་བརྒྱུད་མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་ཁམས་ཀྱི་ལེགས་ཆ་དང་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཀྱི་ལེགས་ཆ་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཐོག་མངོན་པར་བྱས་ནས“མཚོ་སྔོན་གྱི་ཐོན་རྫས་ཡག་པོའི”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་། མཚན་སྙན་ཐོབ་ཚད། ཁྲོམ་རའི་དབྱེ་འབྱེད་ཐུབ་ཚད་བཅས་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་རེད།
ད་རེས་ཀྱི་བྱེད་སྒོ་ཟླ་11ཚེས་9ཉིན་འགོ་ཚུགས་པ་དང་ཟླ་12ཚེས་10ཉིན་བར་རྒྱུན་མཐུད་སྤེལ་རྒྱུ་ཡིན་ཞིང་། འགྲེམས་ཚོང་གི་ཁྱབ་ཁོངས་སུ་ཀྲུང་དབྱང་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གཞུང་དོན་ཁང་དང་། རྒྱལ་ཁབ་ཡིག་འབུལ་ཞུ་བཅར་ཅུས། ཚན་རྩལ་པུའུ། བཟོ་འཕྲིན་པུའུ། རང་བྱུང་ཐོན་ཁུངས་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སོགས་རྒྱལ་ཁབ་པུའུ་ཨུད་དང་འབྲེལ་ཡོད་ཚན་པ་11དང་དེ་བཞིན་ཀྲུང་གོའི་ལྕགས་རིགས་སྣ་ལྔའི་གཏེར་རྫས་ཚོགས་པ་དང་། ཀྲུང་གོ་རྡོ་སྣུམ། ཀྲུང་གོ་ཧྭ་གློག ཀོང་ཏ་དངུལ་ཁང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་བཅས་ཀྲུང་དབྱང་ཁེ་ལས་5ལ་ཁྱབ་ཡོད། བྱེད་སྒོ་སྤེལ་འགོ་ཚུགས་ཚུན་ས་མཐོའི་དྭངས་གཙང་གི་སྐྱེ་ཁམས་ཁོར་ཡུག་དང་སྤུས་ལེགས་ལྗང་མདོག་ཐོན་རྫས་ཀྱི་སྤུས་ཀར་བརྟེན་ནས་མཚོ་སྔོན་གྱི་ལི་གྲོ་དང་། འདྲེ་ཚེར་མ། ས་མཐོའི་སྦྲང་རྩི། ཚགས་ཤ་དང་ལུག་ཤ དཀར་ཆུའི་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་དེ་དག་ལ་ཀྲུང་དབྱང་ཚན་པ་ཁག་གི་ལས་བྱེད་ལས་བཟོའི་གདེང་འཇོག་རྒྱ་ཁྱབ་ཐོབ་པ་དང་ཉོ་མཁན་ཧ་ཅང་མང་པོ་བྱུང་ཞིང་། དྲ་ཐོག་དང་དྲ་ཕྱིར་རིམ་རྩིས་བརྒྱབ་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་100ལྷག་ཙམ་ཟིན་པའི་ནང་ལི་གྲོའི་ཉིན་རེའི་ཚོང་ཚད་རྒྱ་མ་1000ཟིན་ནས་ཚགས་ཤ་དང་ལུག་ཤ་གཅིག་སྡུད་ཉོ་སྒྲུབ་ཀྱི་འདོད་མཐུན་རགས་ཙམ་གྲུབ་པ་དང་ཐོན་ཚོང་སྦྲེལ་མཐུད་ལ་དུས་མཚམས་རང་བཞིན་གྱི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
འགོ་ཚུགས་མཛད་སྒོར་སྲིད་གཞུང་དང་ཁེ་ལས་མཉམ་ལས་དབར་གྱི་རེས་སྐོར་མང་པོའི་གན་རྒྱ་དུས་གཅིག་ཏུ་བཞག་པ་རེད། ཞིང་ཆེན་ཚོང་དོན་ཐིང་གིས་ཀོང་ཏ་དངུལ་ཁང་ཟི་ལིང་ཡན་ལག་དངུལ་ཁང་དང་ཀུང་ཧྥུའུ་སྤྲིན་ཚོམ་ལས་སྟེགས་དང་མཉམ་ལས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་དེ་དངུལ་རྩས་འདེགས་སྐྱོར་བྱེད་པ་དང་། ལས་སྟེགས་ཀྱིས་མཐུན་རྐྱེན་སྦྱོར་བ། ཕུགས་ནས་ཕྱིར་ཚོང་ལ་རོགས་རམ་བྱེད་པ་བཅས་ཀྱི་རྒྱུན་རྣམ་ཅན་གྱི་མཉམ་ལས་བྱེད་སྟངས་བཏོད་ཡོད། མཚོ་སྔོན་གྱི་རྒྱལ་ཁབ་མ་འཇོག་ཡུལ་སྐོར་སོགས་ཞིང་ཆེན་ནང་ཁུལ་གྱི་གཙོ་གནད་ཁེ་ལས་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་ཐོན་ལས་མཉམ་ལས་ཀྱི་གྲོས་མཐུན་ཁག་4བཞག་པར་གན་འཇོག་དངུལ་འབོར་བསྡོམས་སྒོར་ཁྲི་690ཟིན་ནས“མཚོ་སྔོན་གྱི་ཐོན་རྫས་ཡག་པོའི”སྤུས་རྟགས་གཏོད་པ་དང་། ཁྲོམ་རར་ཁྱབ་གདལ་གཏོང་བ། ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་དང་། ཚད་གཞི་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྣན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།