ལས་སྒྲུབ་སྐར་ཁུང་བརྩེ་བ་ཟབ། བཅོས་སྐྱོང་དྲོ་སྐྱིད་སེམས་སུ་སྨིན།
—— ལྷ་ས་གྲོང་ཁྱེར་གྱིས་དང་བླངས་ཞབས་ཞུར་བརྟེན་ནས་གནས་སྤོས་སྡེ་ཁུལ་བཅོས་སྐྱོང་བྱས་པའི་སྐོར།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་དེའི་འགལ་ཟླ་དང་རྩོད་གཞི་90%ཡན་གཞི་རིམ་དུ་སེལ་ཐུབ་པར་བྱས་ཡོད། གཞི་རིམ་བཅོས་སྐྱོང་གི་སྤུས་རྟགས་ཁག་གཅིག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས“བྱ་བ་ཆུང་ཙག་དྲ་མིག་ཏུ་སེལ་ཐུབ་པ་དང་། དོན་དག་ཆུང་གྲས་གྲོང་ཚོར་ཐག་གཅོད་ཐུབ་པ། དོན་དག་ཆེ་གྲས་ཤང་དུ་ཐག་གཅོད་ཐུབ་པ”བཅས་ཀྱི་བཅོས་སྐྱོང་ནུས་ཕྱོད་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་གྱིས་སྔ་རྗེས་སུ་དམངས་འཚོའི་འདུ་འགོད་གལ་ཆེན་ཡིན་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་32བསྐྲུན་ཏེ་ས་བབ་མཐོ་བའི་མང་ཚོགས་ཁྲི་2.2ལྷག་ཙམ་བདེ་སྡོད་ལས་བརྩོན་ཐུབ་པའི་འགན་ལེན་བྱས་པ་རེད། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱིས་རང་ཡུལ་ཅན་གྱི་དང་བླངས་ཞབས་ཞུ་དང་། ཞིབ་ཚགས་ཅན་གྱི་འགལ་ཟླ་སེལ་བ། བརྩེ་བ་ཟབ་པའི་དམངས་ཕན་ཞབས་ཞུ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་བྱེད་མཁས་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱིས་ལྷ་ས་དང་ནག་ཆུ་སོགས་ས་བབ་མཐོ་བའི་གནས་སྤོས་མང་ཚོགས་གཅིག་སྡུད་བཀོད་སྒྲིག་བྱས་པས་མི་སྣའི་གྲུབ་ཆ་རྙོག་འཛིང་ཆེ་བ་དང་གཞི་རིམ་བཅོས་སྐྱོང་གི་ལས་འགན་ལྕི་པོ་ཡོད། གནས་སྤོས་སྡེ་ཁུལ་བཅོས་སྐྱོང་གི་ཁྱད་ཆོས་ལ་དམིགས་ནས་སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུས་སྡེ་ཁུལ་དང་། སྤྱི་བདེ། དམངས་སྲིད། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་འགལ་ཟླ་དང་རྩོད་གཞི་བཅོས་སྐྱོང་གི་དང་བླངས་ཞབས་ཞུའི་རྣམ་གྲངས་དོན་འཁྱོལ་བྱེད་པ་དང་ས་གནས་དེ་གའི་རྐང་འཛིན་སྟོབས་ཤུགས་ལ་བརྟེན་ནས་དུས་འཁོར་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་ཏེ་འགལ་ཟླའི་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་གྲལ་བཤེར་དང་ཐད་ཀར་སེལ་རྒྱུར་སྐུལ་འདེད་བཏང་ཡོད།
ས་མཐོའི་སྡེ་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱིས“1+3+4+1”གི་རང་ཡུལ་ཅན་གྱི་བཅོས་སྐྱོང་ལས་ཀ་བྱེད་སྟངས་གསར་གཏོད་ཀྱིས་ཁྱབ་གདལ་བཏང་བ་དང་། ས་གནས་དེ་གའི་དང་བླངས་ཞབས་ཞུའི་དཔུང་ཁག་ལྟེ་བར་བྱས་ཏེ་གནས་ཚུལ་མ་ཐོན་གོང་ནས་སྔོན་འགོག་དང་། གནས་ཚུལ་ཐོན་ཚེ་ཐེ་ཇུས། གནས་ཚུལ་ཐོན་རྗེས་རྗེས་སྙེག་བཅས་བྱེད་པའི་དུས་མཚམས་གསུམ་ལ་དམ་པོར་དམིགས་ཏེ་གཉེན་སྒྲིག་དང་། གསོ་སྐྱོང་དང་ལྟ་སྐྱོང་། རྒྱུ་ནོར་དང་ཁང་ཁོངས། ཁྱིམ་མཚེས་ཀྱི་འབྲེལ་བ་བཅས་ཀྱི་ཐོན་མང་བའི་འགལ་ཟླའི་རིགས་བཞི་རིགས་དབྱེ་ཐག་གཅོད་བྱས་ནས“གྲལ་བཤེར་གྱིས་ཡིག་ཚགས་བཟོ་བ་དང་། རིམ་པ་དབྱེ་ནས་དོ་དམ་ཚོད་འཛིན་བྱེད་པ། བར་འདུམ་གྱིས་འགལ་ཟླ་སེལ་བ། ཐོན་ཁུངས་གཞན་སྦྱོར། རྗེས་སྙེག་འཚམས་ལན”བཅས་ཀྱི་གདུབ་ཟུམ་བཅོས་སྐྱོང་འཁོར་སྦྲེལ་ཆགས་པར་བྱས་ཡོད།
མང་ཚོགས་ཁག་གཅིག་གི་ཁྱིམ་ཚང་གི་གསང་བ་ཕྱིར་གྱར་དོགས་དང་བསམ་པའི་གནོན་ཤུགས་ལས་རང་འགུལ་ངང་རོགས་སྐྱོབ་རེ་ཞུ་མི་བྱེད་པའི་དངོས་ཡོད་དཀའ་གནད་ལ་དམིགས་ནས་སྡེ་ཁུལ་གྱིས“འཆམ་མཐུན་སྐར་ཁུང་། དུས་བདེའི་བྱ་སྤྱོད”བཏོད་དེ་སྐར་ཁུང་གི་མདུན་དུ་སྐལ་བཟང་མེ་ཏོག་དང་རྩེད་ཆས་ཆུང་གྲས་བསྒྲིགས་ནས་དེ་མངོན་མེད་རོགས་སྐྱོབ་བརྡ་རྟགས་ལ་བརྩི་གི་ཡོད། སྐོར་ཞིབ་མི་སྣས་མཚོན་རྟགས་མཐོང་རྗེས་འཕྲལ་མར་ཁྱིམ་དུ་བསྐྱོད་དེ་འབྲེལ་མཐུད་དང་། སེམས་དྲོད་ཁྲིད་སྟོན། མཉམ་འགུལ་རོགས་སྐྱོར། རྒྱུན་དུ་ནས་སྐོར་ཞིབ་དང་གཙོ་གནད་ཁྱིམ་ཚང་ལ་དུས་བཀག་ལྟར་འཚམས་འདྲི་བྱེད་པའི་འགན་ལེན་ཉིས་བརྩེགས་བྱས་ཏེ་རེ་ཞུ་རྟོགས་པ་དང་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱེད་མཁན་ཡོད་པར་བྱས་ནས་གཞི་རིམ་བཅོས་སྐྱོང་ཐད་དེ་བས་དྲོ་སྐྱིད་ལྡན་པ་དང་དེ་བས་དམངས་སེམས་དང་མཐུན་པར་བྱས་ཡོད།
དྲོ་སྐྱིད་ལྡན་པའི་བཅོས་སྐྱོང་ལ་ཕན་འབྲས་དངོས་ཐོན་ཡོད། 2026ལོའི་ཟླ་9པའི་ཟླ་དཀྱིལ་བར། འཆམ་མཐུན་དགའ་ཚལ་གླིང་སྡེ་ཁུལ་གྱིས་ཁྱིམ་ཚང་གི་འགུལ་རྣམ་རྩིས་ཐོ་57ལ་གཙོ་གནད་དོ་ཁུར་བྱས་ནས་རིམ་རྩིས་བརྒྱབ་ན་ཞབས་ཞུའི་ཟིན་ཐོ་191གྲུབ་པ་དང་། མི་ཐེངས་351ལ་དང་བླངས་ཞབས་འདེགས་ཞུས་པས་བཅོས་སྐྱོང་དམིགས་ཚད་ཁག་ཆ་སྙོམས་ལེགས་གྲུབ་ཐུབ་ཚད་91.3%ཟིན་ཡོད། དབང་པོ་སྐྱོན་ཅན་ལ་སྨན་པ་བསྟེན་རོགས་བྱེད་པ་དང་ཁྱིམ་དུ་ལྟ་རྟོག་བྱེད་པ་ནས་ཁྱིམ་ཚང་གི་རྩོད་གཞི་མགྱོགས་མྱུར་འདུམ་འགྲིག་བྱེད་པ་དང་སེམས་གསོ་གཏོང་བའི་བར་དང་། དེ་ནས་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དང་ལྟ་རྟོག་བྱེད་པའི་བར་དམངས་འཚོའི་དོན་དངོས་རེ་རེ་ལས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།