ཞི་ཅིན་ཕིང་གིས་དབུ་ཚོགས་གལ་ཆེན་འདིར་གྲོས་འགོ་ཁག་4བཏོན་གནང་འདུག
ཟླ་11ཚེས་18ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་ཆན་ཧའེ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་2026ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། འགོ་བརྗོད་དུ་《ཡིད་ཆེས་བརྟན་གཏོང་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་འོད་སྣང་ལྡན་པའི་འབྱུང་འགྱུར་གཏོད》ཅེས་འཁོད་པའི་བརྗོད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་རེད།

ཞི་ཅིན་ཕིང་གིས། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་ཟང་ཟིང་ཆེ་བ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ནུས་མི་འདང་བ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཤུགས་ཆེར་འགྲོ་བཞིན་ཡོད། དེ་དང་དུས་མཚུངས་གོ་ལ་ཧྲིལ་པོའི་ཉོ་ཚོང་འགོག་རྐྱེན་ཁྲོད་འཕར་སྣོན་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། གསར་དར་ལག་རྩལ་ལ་འགག་གཏོར་མྱུར་པོ་བྱུང་བས། འཛམ་གླིང་གི་འཕེལ་རྒྱས་གནས་སྟངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། སྒོ་དབྱེ་བྱེད་དམ་ཡང་ན་སྒོ་བཀག་བྱེད་དམ། མཉམ་ལས་བྱེད་དམ་ཡང་ན་ཁ་གྱེས་བྱེད་དམ། བསྒྱུར་བཅོས་བྱེད་དམ་ཡང་ན་རྙིང་སྲུང་བྱེད་དམ། དེ་དག་ནི་ངེས་པར་དུ་ལན་འདེབས་དགོས་པའི་དུས་རབས་ཀྱི་འདྲི་གཞི་ཞིག་རེད། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་དང་བསྟུན་ནས་ཐོན་པ་ཞིག་ཡིན་པས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱིས་དུས་རབས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ད་ལོ། ཀྲུང་གོས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་ཐེངས་གསུམ་པ་ཡིན་པས། ཕྱོགས་ཁག་དང་མཉམ་དུ་ཡིད་ཆེས་བརྟན་པོ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས། མཉམ་དུ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཐུན་མོང་མ་ལག་བཙུགས་ཏེ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་དེའི་ཐད་གྲོས་འགོ་ཁག་4བཏོན་གནང་ཡོད་དེ།
གཅིག་ནི། ཞི་བདེ་དང་བརྟན་ལྷིང་གི་གནས་བབ་ཆེན་པོར་སྲུང་སྐྱོང་བྱ་དགོས། ཕྱི་ཕྱོགས་ཀྱི་དུས་བབ་རྙོག་འཛིང་ཇི་ཙམ་ཆེ་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་དེ་བས་སྲུང་སྐྱོང་བརྟན་པོ་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་གྱི་ཐོག་ནས་འགལ་ཟླ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་བརྒྱུད་འགྲན་རྩོད་ལ་ཁ་གཏད་བཅག་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་འདིང་དགོས།
གཉིས་ནི། སྒོ་དབྱེ་མཉམ་ལས་ཀྱི་འབྲེལ་ཟམ་འཛུགས་དགོས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱེད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་བྱེད་པ་དང་། རང་མོས་སྒོ་དབྱེའི་ཉོ་ཚོང་དང་མ་འཇོག་ལ་རྒྱབ་སྐྱོར་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་གཏོང་ཡོང་རྒྱུར་སྲུང་སྐྱོང་བཅས་བྱེད་དགོས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ཀྱི་མཉམ་སྦྲེལ་མཉམ་མཐུད་དྲ་རྒྱ་བཙུགས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ཆེད་མཐུན་རྐྱེན་བཟང་པོ་བསྐྲུན་དགོས།
གསུམ་ནི། གསར་གཏོད་ཀྱི་འཕར་སྣོན་སྒུལ་ཤུགས་སྐུལ་སློང་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱི་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་པ་དང་། གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྦགས་མེད་ཐཱན་ཉུང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གསར་གཏོད་ཀྱི་བཟང་ཆ་དེ་རྒྱུན་ཆད་མེད་པར་འཕར་སྣོན་གྱི་སྒུལ་ནུས་སུ་འགྱུར་བ་བྱས་ནས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་འཕར་སྣོན་ཡོང་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་དགོས།
བཞི་ནི། གཉིས་ཕན་མཉམ་རྒྱལ་གྱི་ལམ་བུ་རྒྱ་ཆེར་གཏོང་དགོས། ཉོ་ཚོང་དང་མ་འཇོག་གི་བཀག་རྒྱ་མེད་པ་བཟོས་ནས་སྒོ་དབྱེའི་རྣམ་པའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་འཛུགས་སྐྱོང་བྱེད་དགོས་ལ་ཀུན་ཕན་དོ་སྙོམས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཕྱོད་དང་དྲང་གཞག་ལའང་ལྟ་རྟོག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དཔལ་འབྱོར་མ་ལག་ཁག་དང་བང་རིམ་དང་མི་ཚོགས་མི་འདྲ་བར་ཕན་ཁེ་ཐོབ་ཏུ་འཇུག་དགོས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དུ་འཛམ་གླིང་ཐོག་གི་ཆེས་གལ་ཆེའི་མཚོ་ཁུག་ཁུལ་འཛོམས་པས་ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་མཚོ་ཁུག་ཁུལ་གྱི་དཔལ་འབྱོར་མཉམ་ལས་མནའ་འབྲེལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། མཚོ་ཁུག་ཁུལ་ཁག་གི་སྤེལ་རེས་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས།
ཞི་ཅིན་ཕིང་གིས། ཀྲུང་གོའི་དཔལ་འབྱོར་དེ་གསར་སྒྱུར་དང་ལེགས་སྒྱུར་བཟང་སྒྱུར་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོའི་དཔལ་འབྱོར་འཕར་ཚད་4.6%ཟིན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་མྱུར་པོ་བྱུང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ། སྦགས་མེད་ཐཱན་ཉུང་བརྗེ་སྒྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་ནི་རང་ངོས་འཕེལ་རྒྱས་ཀྱི་འཆར་གཞི་ཞིག་ཡིན་ལ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་གོ་སྐབས་མཁོ་འདོན་བྱས་པ་ཞིག་དང་། ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ཕྱོགས་ནས་བཏོན་པའི་མཉམ་ལས་ཀྱི་གདན་ཞུ་ཞིག་ཀྱང་རེད།
ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་གཞི་ཁྱོན་ཤིན་ཏུ་ཆེ་བའི་སྒོ་དབྱེའི་ཁྲོམ་ར་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་དེ་ཡིན་པ་དང་། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་འདུས་ཡོད་པས། མ་འཇོག་དང་འཛད་སྤྱོད་བྱ་གཞི་ཆེན་པོ་ལྡན་ཡོད། ཀྲུང་གོས་སྒོ་དབྱེའི་ཁྲོམ་ར་ཆེན་པོ་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་། སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བཞིན་ཡོད་པས། སྣ་མང་ཅན་གྱི་དགོས་མཁོ་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་རྒྱུ་རེད། ཀྲུང་གོས་“ཀྲུང་གོར་ཕྱིར་གཏོང་བྱེད་པ་”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ནས་རྒྱལ་ཁབ་ཁག་གི་སྤུས་ལེགས་ཚོང་ཟོག་ཀྲུང་གོའི་ཁྲོམ་རར་འདོན་པའི་ནུས་ཆེའི་བགྲོད་ལམ་གཏོད་རྒྱུ་རེད།
ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་མདུན་ལམ་ཆེན་པོ་ལྡན་པའི་འཕེལ་རྒྱས་ཀྱི་བར་ཁམས་མཁོ་འདོན་བྱ་རྒྱུ་རེད། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་སྦགས་མེད་བརྗེ་སྒྱུར་བྱ་རྒྱུ་ནི་ཀྲུང་གོའི་དཔལ་འབྱོར་གྱི་འགག་རྩའི་བྱ་ཐབས་ཤིག་ཡིན། ཀྲུང་གོའི་གཞི་ཁྱོན་ཆེས་ཆེ་བའི་གསར་གཏོད་ཚོད་ལྟའི་ར་བས་སྔོན་ཐོན་ལག་རྩལ་དེ་འཚོ་བ་དངོས་ཀྱི་ཁྲོད་ཞིབ་དཔྱད་དང་རིམ་འཇུག་ཞུན་བརྡར་བྱེད་དུ་བཅུག་ནས་སྤུས་མཐོའི་འཕེལ་རྒྱས་ཀྱི་གསོན་ཤུགས་སུ་རྒྱུན་ཆད་མེད་པར་འགྱུར་བཞིན་ཡོད། ཀྲུང་གོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་གང་མགྱོགས་བསྐྲུན་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་ཐོན་ལས་བརྗེ་སྒྱུར་རིམ་སྤོར་དང་། གསར་དར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ཀྱི་སྔོན་དཔག་བཀོད་སྒྲིག་བཅས་ལ་རྒྱབ་སྐྱོར་བྱས་ཏེ། གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་དང་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུ་རེད།

ཀྲུང་གོས་གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ཕན་ཚུན་སྐུལ་འདེད་དང་མཉམ་དུ་སྐྱོད་པའི་མཉམ་ལས་ཀྱི་ཁོར་ཡུག་མཁོ་འདོན་བྱ་རྒྱུ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་བརྡབ་གསིག་གི་མདུན་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། འཛམ་གླིང་གི་དཔལ་འབྱོར་འཕར་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་བརྟན་པོའི་རང་བཞིན་དང་གཏན་འཁེལ་རང་བཞིན་བསྣན་ཡོད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་འགྲོ་མི་སྲིད་པ་དང་། གོ་ལ་ཧྲིལ་པོའི་ཁེ་ལས་ཀྲུང་གོར་ཡོང་ནས་མ་འཇོག་ལས་གཏོད་བྱ་རྒྱུར་སྔར་བས་བརྟན་ལྷིང་དང་སྔར་བས་སྔོན་དཔག་ཐུབ་པའི་སྤུས་ལེགས་ཀྱི་ཁོར་ཡུག་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ནི་ང་ཚོ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་གནམ་ས་ཞིག་ཡིན་ལ་དཔུང་པ་མཉམ་གཤིབ་ཀྱིས་མཉམ་ལས་བྱེད་པའི་གར་སྟེགས་ཤིག་ཀྱང་ཡིན། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཆེ་མོའི་ཁུལ་གྱི་བཟོ་ཚོང་ལས་རིགས་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསར་གཏོད་དོན་གཉེར་བྱེད་མཁན་ཡིན། ཚང་མས་མུ་མཐུད་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གོ་སྐབས་མཉམ་དུ་ལོངས་སུ་སྤྱོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ང་ཚོས་ལག་གདང་སྦྲེལ་ཏེ་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། གསར་གཏོད་ལ་བརྟེན་ནས་འཕར་སྣོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཉམ་ལས་ལ་བརྟེན་ནས་ཐུན་མོང་གི་བདེ་སྐྱིད་དོན་གཉེར་བཅས་བྱས་ཏེ་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཐུན་མོང་མ་ལག་བསྐྲུན་པ་དང་། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།
ཆི་ལིའི་ཙུང་ཐུང་ཁ་སི་ཐེ་དང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥེང་། ཧོང་ཁུན་མིང་། ཝང་ཞའོ་ཧུང་སོགས་ཞུགས་ཡོད། །
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
འབྲེལ་ཡོད་གསར་འགྱུར།