དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ལག་གདང་སྦྲེལ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”

    —— ཀྲུང་གོར་བཅའ་སྡོད་ཧན་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཙའེ་ཤན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཁྲེན་ཧྲང་ཝུན།   |     སྤེལ་དུས།  2026-11-19

    “ན་ནིང་གི་ཆིང་ཀྲོའུ་ནས་ད་ལོའི་ཧྲེན་ཀྲེན་བར། ཧན་ཀྲུང་རྒྱལ་ཁབ་གཉིས་པོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་རྒྱུན་མཐུད་ནས་འཚོགས་པ་དེས་ལག་གདང་སྦྲེལ་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཉིན་ཤས་གོང་ཀྲུང་གོར་བཅའ་སྡོད་ཧན་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཙའེ་ཤན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་འདི་ལྟར་བརྗོད་ཅིང་། ཁོང་གིས། འདི་ལོའི་APECཚོགས་འདུ་གོ་སྐབས་སུ་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་ཐུན་མོང་ངོས་འཛིན་དེ་བས་མང་བ་གཅིག་ཏུ་བསྒྲིལ་ནས་ཧན་གོ་དང་ཀྲུང་གོའི་གཉིས་ཁེ་གཉིས་ཕན་སྔར་བས་མང་དུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ལུའུ་ཙའེ་ཤན་གྱིས། ལོ་གཅིག་གོང་APECཡི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཉིས་པ་ཧན་གོར་བདེ་བླག་ངང་འཚོགས་ཤིང་། “དེ་ནི་ཕྱོགས་མང་དང་ཕྱོགས་གཉིས་ཀར་གྲུབ་འབྲས་གལ་ཆེན་ཐོབ་པའི་ཚོགས་འདུ་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་ཆིང་ཀྲོའུ་རུ་APECཚོགས་འདུར་ཞུགས་ནས་ལོ་11སོང་རྗེས་སླར་ཡང་ཧན་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་ཧན་གོའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་ནས་ལག་གདང་སྦྲེལ་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཏང་སྟེ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

    “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བ་དང་དར་རྒྱས་ཡོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད”ཅེས་ལུའུ་ཙའེ་ཤན་གྱིས་བརྗོད་པ་དང་། ཁོང་གིས། APECཡི་དཔལ་འབྱོར་སྡེ་གཞི་21གིས་འཛམ་གླིང་དཔལ་འབྱོར་བསྡོམས་འབོར་གྱི་བརྒྱ་ཆ་དྲུག་ཅུ་ལྷག་ཙམ་བཟུང་བ་དང་ཚོང་དོན་བསྡོམས་འབོར་གྱི་ཕྱེད་ཀ་ཙམ་བཟུང་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཚོང་དོན་དང་མ་འཇོག་དང་། དེ་བཞིན་གསར་གཏོད་དང་། གྲངས་འཛིན་དཔལ་འབྱོར། བསྟུན་མཁས་རང་བཞིན། རྒྱུན་མཐུད་ཆོག་པའི་འཕར་སྣོན་སོགས་མཉམ་ལས་ཀྱི་ལས་སྟེགས་ཤིག་ཡིན་པའི་APECཡིས་ཐོག་མཐའ་བར་གསུམ་དུ་འགག་རྩའི་ནུས་པ་འདོན་བཞིན་ཡོད་ཅེས་བརྗོད།

    ད་ལྟའི་དུས་མཚམས་སུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་འཚོལ་ཞིབ་བྱ་རྒྱུ་དེ་ས་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཐད་གལ་འགངས་ཧ་ཅང་ཆེན་པོ་ཡོད་ལུགས་ལུའུ་ཙའེ་ཤན་གྱིས་ངོས་འཛིན་བྱེད་ཀྱི་ཡོད། མི་ཐབས་རིག་ནུས་ཁྱབ་ཁོངས་དང་ལྷག་པར་དུ་ཧན་ཀྲུང་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་དེའི་ཐད་མཉམ་ལས་གཏིང་ཟབ་བྱེད་པའི་མདུན་ལམ་ལ་ཁོང་གིས་དམིགས་སུ་བཀར་ནས་གླེང་ཞིང་། “ཀྲུང་གོ་སྲིད་གཞུང་གིས་སྲིད་ཇུས་ཀྱི་ཁ་ཕྱོགས་ཁ་གསལ་བཟོས་པ་དང་འབྲེལ་ཁེ་ལས་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཚོང་ལས་ཅན་དུ་སྒྱུར་བའི་ཐད་མཉམ་ལས་ཀྱི་ནུས་འབྲས་ཐོན་པ་བྱས་ནས་ཀྲུང་གོའི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། གཟུགས་ཅན་རིག་ནུས་དང་མི་ཐབས་རིག་ནུས་བཀོལ་སྤྱོད་ཁྱབ་ཁོངས་སུ་ཀྲུང་གོ་འཕེལ་རྒྱས་མྱུར་པོ་ཕྱིན་པར་གོ་ལ་ཧྲིལ་པོས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད”ཅེས་ལུའུ་ཙའེ་ཤན་གྱིས་བརྗོད་པ་དང་། ཁོང་གིས། མི་ཐབས་རིག་ནུས་ཀྱི་དུས་རབས་སུ་ཧན་ཀྲུང་ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་ཁྱབ་ཁོངས་མང་པོའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་ཆོག “ལྷག་པར་དུ་མི་ཐབས་རིག་ནུས་ཀྱིས་དཔལ་འབྱོར་འཕར་བའི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་ཐད་ངས་དམངས་ཁྲོད་ཀྱི་མཉམ་ལས་ཀྱིས་གཙོ་ཁྲིད་ཀྱི་ནུས་པ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་གནམ་གཤིས་ཀྱི་འགྱུར་ལྡོག་དང་། འགོས་ནད། ན་རྒས་ཅན་སོགས་མིའི་རིགས་ལ་འཕྲད་པའི་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་རྒྱལ་ཁབ་གཉིས་པོས་མི་ཐབས་རིག་ནུས་ལ་བརྟེན་ནས་དགེ་མཚན་ལྡན་པའི་མཉམ་ལས་ཐབས་ལམ་འཚོལ་ཞིབ་བྱས་ཏེ་ལག་གདང་སྦྲེལ་ནས་ས་ཁུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས”ཞེས་བརྗོད།

    ལུའུ་ཙའེ་ཤན་གྱིས། འདི་ལོའི་ལོ་འགོར་ཙུང་ཐུང་ལི་ཙའེ་མིང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བས། ཧན་ཀྲུང་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཕན་ཚུན་འཚམས་འདྲི་གནང་རྒྱུ་བྱུང་ནས། ཧན་ཀྲུང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་ཆེད། ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞིའི་ཐོག་རིམ་པ་མཐོ་བའི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་དང་། མི་སྣ། རིག་གནས་སོགས་ཁྱབ་ཁོངས་ཁག་ཏུ་སྤེལ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་གི་ཡོད། “འབྱུང་འགྱུར་ཧན་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་ཡིད་ཆེས་བྱེད་པ་དང་མཛའ་གྲོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་དངོས་སྒྲུབ་མཉམ་ལས་མུ་མཐུད་བྱེད་རྒྱ་ཆེ་རུ་གཏོང་དགོས། ཧྲེན་ཀྲེན་གྱི་APECཚོགས་འདུ་གོ་སྐབས་སུ་བྱས་ཏེ་ཧན་ཀྲུང་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་འབྲེལ་དེའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བར་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་པའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།