ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།
ཚེས་17ཉིན་གྱི་སྔ་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྐོར་གྱི་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཏང་ཨུད་སྐོར་ཞིབ་ཚོགས་ཆུང་གི་ཐིང་རིམ་པ་རྒན་པའི་སྐོར་ཞིབ་ཀྲོན་ཡོན་ཁྲེན་ཧའེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། ལྷ་ས་གྲོང་ཁྱེར(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གི་ལས་འགན་ཁག་བགོས་འགོ་ཁྲིད་དང་། གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མཐོ་སློབ་ཀྱི་དགེ་སློབ་ཀྱི་འཐུས་མི། གཞི་རིམ་གྱི་ཏང་ཡོན་མང་ཚོགས་ཀྱི་འཐུས་མི། རིགས་པའི་གཞུང་ལུགས་ཀྱི་ལས་དོན་པ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས། གསར་དར་ཁྱབ་ཁོངས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་སོགས་ཁྱོན་མི་350ལྷག་ཙམ་གྱིས་སྙན་ཞུའི་ཚོགས་འདུ་ཉན་པ་རེད།
སྒྲོག་འགྲེལ་བྱེད་རིང་། ཁྲེན་ཧའེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་ལ་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་དམིགས་པ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟུང་འབྲེལ་བཅས་བྱས་ཏེ་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རླབས་ཆེན་གྲུབ་འབྲས་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་པ་རེད།
བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲེན་ཧའེ་ཡིས་སྒྲོག་འགྲེལ་གནང་སྐབས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་དང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་སྐབས་བོད་ལ་དམིགས་བསལ་གང་ཡང་མེད། དེས་ན་ངེས་པར་དུ་རྩ་བའི་དགོངས་གཞི་ནན་པོར་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། གངས་ལྗོངས་ས་མཐོའི་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་སྐྱོང་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།
གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། 《ཆོད་དོན》གྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་པ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།