དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས།

    དམིགས་བསལ་གསོ་སྐྱོང་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས་རང་སའི་ཤེས་ལྡན་པ་སྐྱེད་སྲིང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-19

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ཅིང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོ་དངོས་ལ་གཞིགས་ཏེ། བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ལག་བསྟར་གནད་སྨིན་དང་། བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་སྟེགས་ཀྱི་ཤེས་ལྡན་པ་སྐྱེད་སྲིང་དང་མཐུན་རྐྱེན་སྦྱོར་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་སའི་ཆེད་ལས་ལག་རྩལ་ཤེས་ལྡན་པ་སྐྱེད་སྲིང་ཡག་པོ་བྱེད་པ་དང་། མཐའ་མཚམས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་རྒྱུན་མཐུད་སྟོབས་ཆེར་བཏང་བས། གཞི་རིམ་དང་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོའི་ཞབས་ཞུའི་ཐད་ཤེས་ལྡན་པ་དཀོན་པའི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་པ་རེད།

    སློབ་མ་འདེམས་གཏོང་གནད་སྨིན་ཐུབ་པར་སྣང་ཆེན་བྱས་ཤིང་། སྔོན་ལ་ཇུས་འགོད་དང་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ་ལོ་འཁོར་གྱི་དམིགས་བསལ་གསོ་སྐྱོང་གི་འོས་མི་འདེམས་སྒྲུག་གསོ་སྐྱོང་གི་དགོས་མཁོ་ཆེ་བའི་ཆེད་ལས་ཕྱོགས་སྟོན་དུས་ཐོག་ཏུ་གསེད་བཀྲོལ་བྱས་ནས་བཟོ་བ་དང་འབྲེལ་ལག་བསྟར་ལེགས་སུ་བཏང་ནས་སློབ་མ་འདེམས་སྒྲུག་གསོ་སྐྱོང་གི་དམིགས་སའི་རང་བཞིན་རྒྱུན་མཐུད་ཆེ་རུ་བཏང་ཡོད། བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ལག་བསྟར་བྱས་པ་ནས་བཟུང་། ཞིང་ཆེན་དང་གྲོང་ཁྱེར་24ཡི་གསོ་སྐྱོང་ཚན་པ་200ལྷག་ཙམ་གྱིས་རང་ལྗོངས་ལ་རིམ་རྩིས་བརྒྱབ་ན་ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་2160གསོ་སྐྱོང་བྱས་ནས“ཕྱིར་སྐྱོད་རྣམ་པའི”ཤེས་ལྡན་པ་གསོ་སྐྱོང་གི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་པ་དང་། རང་སའི་ཤེས་ལྡན་པ་དང་། ས་ཆ་གཞན་དུ་གསོ་སྐྱོང་། བོད་དུ་ལོག་ནས་ལས་སྒྲུབ་བཅས་ཟུང་འབྲེལ་གྱི་རང་སའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་པ་བཏོད་ཡོད། 2026ལོར་འདེམས་སྒྲུག་བྱས་པའི་དམིགས་བསལ་གསོ་སྐྱོང་སློབ་མ་180ཞིང་ཆེན་དང་གྲོང་ཁྱེར་14ཡི་ཚན་པ་49ལ་སོ་སོར་ཐོ་འགོད་སློབ་སྦྱོང་བྱེད་པར་བསྐྱོད་ཡོད། དེ་དང་ཆབས་ཅིག གསོ་སྦྱོང་ལ་མ་ཐོན་གོང་རིགས་གཅིག་མཁས་ཅན་གདན་དྲངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་སྐོར་ཆེད་མངགས་སློབ་ཁྲིད་བྱས་པ་དང་། སློབ་མ་སྒྲིག་འཛུགས་བྱས་ནས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་ཀྱི་སློབ་གསོ་སྤེལ་བ། སློབ་མའི་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་པ། སློབ་མ་ཚོར“མོས་སེམས་ལྔ”ཟབ་ཏུ་གཏོང་བའི་ཁྲིད་སྟོན་བཅས་བྱས་ཏེ། རྒྱལ་གཅེས་བོད་དར་དང་མཐའ་སྲུང་མཐའ་བརྟན་གྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་པ་རེད།

    རིགས་གཅིག་མཁས་ཅན་གྱི་ཞབས་ཞུས་ཕན་འབྲས་དངོས་ལ་སྣང་ཆེན་བྱས་ཤིང་། ས་མཐོའི་ཞིང་འབྲོག་དང་། སྨན་བཅོས་འཕྲོད་བསྟེན། ལས་གྲྭའི་ལག་རྩལ། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དགོས་མཁོར་དམིགས་ནས་གཞི་རིམ་གྱི་ཤེས་ལྡན་པའི་ཞན་ཆ་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་སྨིན་བྱས་ཤིང་། ཤེས་ལྡན་པ་གསོ་སྐྱོང་དང་། ལག་རྩལ་རོགས་སྐྱོར། ཉམས་མྱོང་བརྒྱུད་ཁྲིད། ལམ་སྲོལ་འཛུགས་པ་སོགས་རིགས་གཅིག་མཁས་ཅན་གྱི་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རིགས་གཅིག་མཁས་ཅན་གྱི་ཞབས་ཞུ་ཚོགས་པའི་བྱེད་སྒོ་དོན་འཁྱོལ་ཡོང་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

    བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་སྤེལ་ཚུན། རིམ་རྩིས་བརྒྱབ་ན་རིགས་གཅིག་མཁས་ཅན་ཚོགས་པའི་ཞབས་ཞུའི་བྱེད་སྒོ་དུས་ཐེངས་22སྒྲིག་འཛུགས་ལག་བསྟར་བྱས་པ་དང་། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་300ལྷག་ཙམ་གྱིས་ས་གནས་ས་ཐོག་ཏུ་ལག་རྩལ་མཛུབ་ཁྲིད་ཐེངས་260ལྷག་ཙམ་བྱས་པ། ཤེས་ལྡན་པ་གསོ་སྐྱོང་དང་རྣམ་གྲངས་རོགས་ལས་སོགས་ཀྱི་མཉམ་ལས་འདོད་མཐུན་ཁག་40ལྷག་ཙམ་བཞག་པ། “ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་དང་སྨན་བཅོས་རིག་ནུས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ”སོགས་ལེགས་འགྱུར་འཕེལ་རྒྱས་ཀྱི་གྲོས་འགོ་500ལྷག་ཙམ་བཏོན་ནས་ལག་རྩལ་གྱི་དཀའ་གནད་90ལྷག་ཙམ་ཐག་གཅོད་བྱས་ཡོད། ལྷག་པར་དུ་ད་ལོ་རིགས་གཅིག་མཁས་ཅན་ཚོགས་པས་ལྷོ་ཁ་གྲོང་ཁྱེར་དུ་རྒྱལ་ཁབ་གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས(DPCC)ལྷོ་ཁ་གྲོང་ཁྱེར་ཡན་ལག་ལྟེ་གནས་བཙུགས་པ་དེ་ནི་བོད་དུ་བཙུགས་པའི་རྒྱལ་ཁབ་རིམ་པའི་གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་ཚོད་འཛིན་རྣམ་གྲངས་ཐོག་མར་གྱུར་ནས་རང་ལྗོངས་ཀྱི་ས་མཐོའི་གཅིན་སྙི་ཟགས་ཁུའི་ནད་སྔོན་འགོག་ཚོད་འཛིན་མ་ལག་གི་སྟོང་ཆ་བསྐངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།