རིག་གནས་ཀྱི་གདེང་ཚོད་དང་མོས་སེམས་དེ་བས་བརྟན་དུ་ཕྱིན་པ།
—— བོད་ཀྱི་རིག་གནས་དང་ལུས་རྩལ་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་སྐོར་བཀོད་པ།
ལྷ་སའི་དམར་པོ་རིའི་གཤམ་དུ་གནས་པའི་ཕོ་བྲང་པོ་ཏ་ལའི་གནའ་དཔེ་སྲུང་སྐྱོང་བེད་སྤྱོད་རྣམ་གྲངས་ཀྱི་ཉམས་གསོ་ཁང་དུ་སྐྱོད་སྐབས། ཉམས་གསོ་མཁན་གྱིས་འཇབ་ཙེས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཤིང་ཏ་ལའི་ལོ་མའི་དཔེ་ཆའི་ཤོག་ལྷེ་གཅིག་བཟུང་ནས་ཉམས་གསོ་བྱེད་བཞིན་མཆིས།
འཆར་ཅན་རྟ་རྒྱུག་དུས་ཆེན་སྐབས། བོད་བྱང་ཐང་དུ་རྟ་ཕོས་བང་རྩལ་འགྲན་པའི་རྨིག་སྒྲ་དང་དགའ་འབོད་ཀྱི་སྒྲས་ཁེངས་པ་དང་། འགྲན་རའི་ཕྱི་རོལ་གྱི་འགྲེམས་ཚོང་ཁུལ་དུ་འབྲོག་པ་སྐྱིད་དགའི་ལག་ཤེས་ཐོན་རྫས་ཡུལ་སྐོར་བས་ཉོས་ཤིང་། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་ཡོད།
དབྱི་ཐ་ལིའི་སི་ཐེར་ཝུའེ་ཨའོ་གངས་ཤུད་གློད་སར། ལོ་20ལ་སླེབས་པའི་བུ་མོ་ཚེ་བརྟན་གཡུ་སྒྲོན་གྱིས་གངས་ཤུད་གློད་ཆས་སྟེང་བསྡད་དེ་ནུས་ཤུགས་གང་ཡོད་ཀྱིས་གྲུབ་འབྲས་ལེགས་པོ་བརྩོན་བཞིན་ཡོད། སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གངས་ཤུད་དང་རི་འཛེག་མཉམ་འདྲེས་ཀྱི་མཐུད་རྒྱུག་འགྲན་བསྡུར་བྱེད་རིང་། ཁོ་མོས་དཔུང་རོགས་དང་མཉམ་དུ་ཨང་བརྒྱད་པ་བླངས་ཤིང་། དེ་ཡང་རྣམ་གྲངས་དེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཞུགས་མཁན་ཨེ་ཤེ་ཡའི་བདམས་ཐོན་པའི་ཚན་སྡེབ་གཅིག་པུ་དེ་རེད།
གོང་གི་ལས་རྣམ་གསུམ་ལས་རིག་གནས་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཞིང་། ཉེ་བའི་ལོ་ལྔའི་རིང་། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་ཕན་པ་བསྐྲུན་པ། ཁྱད་ལྡན་ལུས་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་སོགས་གངས་ལྗོངས་ས་མཐོར་རིག་གནས་ཀྱི་གདེང་ཚོད་དེ་བས་བརྟན་དུ་ཕྱིན་ལ། རིག་གནས་ཀྱི་མོས་སེམས་དེ་བས་ཟབ་ཏུ་སོང་ཡོད།
མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ནས་སྤྱི་ཡོངས་རང་བཞིན་གྱི་རྒྱུན་འཛིན་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ།
ཉེ་བའི་ལོ་ལྔའི་རིང་། བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་འགྱུར་ལྡོག་མངོན་གསལ་དོད་ཤོས་ནི། “རིག་དངོས་ཉམས་པ་སོར་ཆུད”ཀྱི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ནས་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་དང་སྤྱི་ཡོངས་རང་བཞིན་གྱི་འཆར་འགོད་གལ་ཆེ་མཉམ་དུ་འཛིན་པའི་བར་འཕེལ་རྒྱས་བྱུང་བ་དེ་ཡིན།
2025ལོའི་ལོ་སྟོད་དུ《ཕོ་བྲང་པོ་ཏ་ལའི་སྲུང་སྐྱོང་བེད་སྤྱོད་ལས་དོན་གྱི་སྤྱིའི་ཇུས་གཞི》ཁྱབ་བསྒྲགས་བྱས་པ་དང་། རིག་དངོས་ཨར་སྐྲུན་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་འགོ་ཚུགས་པ། “གྲངས་རིག་པོ་ཏ་ལའི”རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་སོགས་རེད།
ཕོ་བྲང་པོ་ཏ་ལའི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་ཀྱི་གནའ་དཔེ་སྲུང་སྐྱོང་དང་བེད་སྤྱོད་རྣམ་གྲངས་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.104བཏང་ནས་ཤིང་ཏ་ལའི་ལོ་མ་208ལ་ཚོད་ལྟའི་རང་བཞིན་གྱི་ཉམས་གསོ་དང་། བོད་ཤོག་ཁྲི་1.04ལྷག་ཙམ་གྱི་རིག་དངོས་ཉམས་གསོ། གནའ་དཔེ་ཁྲི་3.6ལ་གྲངས་འཛིན་ཅན་གྱི་འཚོལ་བསྡུ་དང་ཡི་གེ་དབྱེ་འབྱེད་བཅས་བྱས་ཡོད།
ཉེ་བའི་ལོ་ལྔའི་རིང་། རིག་དངོས་ཇི་སྙེད་ལ་བརྒྱུད་རིམ་རང་བཞིན་གྱི་སྒོ་ནས་གསལ་རྟོགས་ཐུབ་ཅིང་། 2024ལོའི་ཟླ་12པའི་བར། ལྗོངས་ཡོངས་སུ་རིག་དངོས་ས་ཚིགས་4468ལ་བརྟག་དཔྱད་ཐོ་འགོད་བྱས་པ་དང་། རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པ་2373ཡོད་པར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་70ཟིན་པ་དང་། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་བྱེད་རིང་རིག་དངོས་ས་ཚིགས་3346ཤེས་རྟོགས་ཐུབ་ཡོད།
སྲུང་སྐྱོང་བྱ་ཡུལ་དག་ཀྱང་འདུ་ཁང་དུ་ཉར་ཚགས་བྱེད་པ་ནས་ཡུལ་མི་ཚོས་མི་རབས་ནས་མི་རབས་བར་ཉར་བའི་དམངས་ཁྲོད་ཀྱི་ཉར་ཚགས་དངོས་རྫས་སུ་གྱུར་ཡོད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོ་ནི་ཀྲུང་གོ་དང་། ནེ་པ་ལ། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། གྲོང་ཚོའི་མེས་ཡེ་ཚང་གི་དམངས་ཁྲོད་ཉར་ཚགས་དངོས་རྫས་བཤམས་སྟོན་ཁང་དུ་ཡུལ་མི་ཚོས་མི་རབས་ནས་མི་རབས་བར་ཉར་བའི་རིག་དངོས་ཡོད། 2024ལོར་བོད་ཀྱིས་ལྗོངས་ཡོངས་ཀྱི་ས་བབ་མཐོ་བའི་མི་རིགས་ས་ཁུལ་དུ་དམངས་ཁྲོད་ལ་ཉར་ཚགས་བྱས་པའི་རིག་དངོས་ཡོངས་བཤེར་ཐོ་འགོད་ཚོད་ལྟ་བྱས་ནས། དམངས་ཁྲོད་རིག་དངོས་659(ལྷུ་ལག་ཚང་བ)ཐོ་བཀོད་དེ་ཡིག་ཚགས་བཟོས་ཡོད། རིག་རྫས་ལས་ལ་གཞོལ་ནས་ལོ་སུམ་ཅུ་ཙམ་སོང་བའི་རང་སྐྱོང་ལྗོངས་ཀྱི་རིག་དངོས་གསལ་འབྱེད་རིགས་གཅིག་མཁས་ཅན་སྙིང་ལྕགས་རྒྱལ་གྱིས“ལོ་མང་རིང་དཔེ་ཆ་རྙིང་པ་ལེགས་སྒྲིག་དང་དབྱེ་འབྱེད་བྱས་པ་བརྒྱུད། ངས་བོད་ཀྱི་རིག་དངོས་ནི་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་དངོས་དཔང་གསོན་ཉམས་ལྡན་པ་ཞིག་ཡིན་པའི་མྱོང་ཚོར་གཏིང་ཟབ་བྱུང”ཞེས་བཤད།
རིག་གནས་ཐོན་ཁུངས་དག་མང་ཚོགས་ཀྱི་འཚོ་བའི་ནང་མིག་མཐོང་ལག་ཟིན་དུ་འགྱུར་བ།
གལ་ཏེ་རིག་དངོས་སྲུང་སྐྱོང་གིས“འབྱུང་ཁུངས་གང་ལ་ཐུག་མིན”གྱི་གནད་དོན་ཐག་གཅོད་བྱེད་པ་ཞིག་ཡིན་ཚེ། མངོན་མིན་རིག་གནས་ཤུལ་བཞག་གིས“རིག་གནས་ཀྱིས་ནུས་པ་གང་ཞིག་འདོན་པར”ལན་བཏབ་པ་སྟེ། གནའ་བོའི་ལག་རྩལ་དེང་གི་འཚོ་བའི་ནང་ཁྱབ་པ་དང་མཉམ་འདྲེས་ཇི་ལྟར་ཡོང་བ་བྱེད་དགོས་པ་དེ་ཡིན། ཉེ་བའི་ལོ་ལྔའི་རིང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག“མིང་གཞུང་སྲུང་སྐྱོང”ནས“ལྗོངས་རྣམ་གསོན་ཉམས་དོད་པའི”ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་སྟེ། ཞོགས་པའི་ཉི་གཞོན་བར་སྐོར་ཁྲོམ་གཞུང་གི“མངོན་མིན་རིག་གནས་ཤུལ་བཞག་ཁྲོམ་གཞུང”དུ་འཕྲོ་སྐབས། ཡུལ་སྐོར་བ་ཁག་མང་པོས་རྒྱུན་འཛིན་པ་དང་མཉམ་དུ་ཐང་ག་བཞེངས་སྟངས་སྦྱོང་བ་དང་སྤོས་བཟོ་སྟངས་ཉམས་སུ་མྱོང་གི་ཡོད། མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཆེ་ཤོས་ནི་ལས་ཞུགས་ཀྱི་གནད་དོན་དེ་ཡིན་ཞིང་། 2026ལོའི་ཟླ་བཞི་པ་བར། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་238རྫོང་49ལ་ཁྱབ་ནས། མི་6000ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་སྟེ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.1བྱུང་ཡོད།
མངོན་མིན་རིག་གནས་ཤུལ་བཞག་ཀྱང་སྒྲིག་གཤོམ་བྱེད་པ་ནས་འཛད་སྤྱོད་དང་ལས་ཞུགས་ཁྲོད་ཁྱབ་སྟེ“གཞན་བརྟེན་སྲུང་སྐྱོང”ནས“ཁྲོམ་རའི་རང་བརྟེན”ཕྱོགས་སུ་འགྱུར་ལྡོག་བྱུང་ཡོད།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་རིག་གནས་ཐོན་ཁུངས་མང་ཚོགས་ཀྱི་འབབ་ཁུངས་སུ་གྱུར་ཞིང་། 2025ལོར། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་7073.37ལ་སྣེ་ལེན་ཞུས་པ་དང་། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་150.13བར་འཕར་བ་དེ་དུས་མཚུངས་ལས་35.29%འཕར་ཡོད། བོད་ཤར་ལྷོའི་མཚམས་སུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འདི་ཉིད་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་དཔེ་སྟོན་ས་ཚིགས་ཤིག་ཡིན་པ་དང་། ཞིང་འབྲོག་པ་མི་ཐེངས་ཁྲི་31གྲོང་གསེབ་ཡུལ་སྐོར་ལ་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
རིག་གནས་ཡུལ་སྐོར་ལས་ལྟ་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་ཡོད་ལ། ཡོང་འབབ་ཀྱང་མང་དུ་ཕྱིན་པའི་དཔེ་མཚོན་ས་མཐོའི་གང་སར་མཐོང་རྒྱུ་ཡོད།
ལུས་རྩལ་འདི་ཉིད་ལུས་སྦྱོང་ཁུལ་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ལམ་བར་འཕེལ་རྒྱས་ཕྱིན་པ།
རིག་གནས་ཀྱི་སེམས་ཁམས་གསོ་ལ། ལུས་རྩལ་གྱིས་ལུས་སྟོབས་རྒྱས་པར་བྱེད། ཉེ་བའི་ལོ་ལྔའི་རིང་། བོད་ཀྱི་ལུས་རྩལ་བྱ་གཞག་ཀྱང“རྨང་གཞི་འདིང་བ”ནས“རྩེར་སོན”བར་མཆོང་སྐྱོད་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་14.5བཏང་ནས། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་1232གསར་སྐྲུན་རྒྱས་སྐྲུན་བྱས་པ་དང་ལུས་རྩལ་སྤྱི་གླིང་19བསྐྲུན་ཡོད། 2025ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་ལུས་རྩལ་ཐང་10128ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་ལ“སྐར་མ་15ཡི་ལུས་སྦྱོང་ཁུལ”སྤྱིར་ན་ཡོངས་སུ་ཁྱབ་ཐུབ་ཡོད།
དམངས་ཡོངས་ཀྱི་ལུས་སྦྱོང་ལ་རྨང་གཞི་བཏིང་བ་དང་ཆབས་ཅིག རྩལ་འགྲན་ལུས་རྩལ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཞིང་། 2021ལོའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་སྟོབས་རྒྱལ་གྱིས་སྐྱེས་པའི་སྨི་5000དང་སྨི་10000གི་གསེར་གྱི་རྟགས་མ་གཉིས་བླངས་ནས་བོད་ཀྱི་འཐུས་མི་ཚོགས་པས་ལོ་རྒྱུས་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་པ་དང་། 2024ལོར་རུ་ཁག་ཐེངས་དང་པོ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་ལ་ཞུགས་ནས་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་1ཐོབ་པ། 2025ལོའི་ཧར་པིན་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་སུ་ཚེ་བརྟན་གཡུ་སྒྲོན་ལ་གངས་ཤུད་རི་འཛེག་གི་བུད་མེད་ཀྱི་ཐག་ཐུང་མཐའ་བསྡུར་གྱི་གསེར་གྱི་རྟགས་མ་ཐོབ་པ་ནི་རྣམ་གྲངས་དེའི་ཨེ་ཤེ་ཡའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་གི་གསེར་གྱི་རྟགས་མ་དང་པོ་དེ་རེད། ལོ་གཅིག་སོང་རྗེས། ཁོང་གིས་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རར་བོད་ཀྱི་གངས་འཁྱགས་ལུས་རྩལ་གྱི་གྲུབ་འབྲས་གསར་པ་ཞིག་སླར་ཡང་བཏོད་ཡོད། རྒྱལ་ནང་ནས་རྒྱལ་སྤྱི་བར་དང་དབྱར་དུས་ནས་དགུན་དུས་བར། ལུས་རྩལ་པ་ཚོས་རྒྱལ་ཁའི་གཏམ་བཟང་ཡང་ཡང་བསྒྲགས་པ་དེ་དག་དུས་རབས་གསར་པའི་བོད་ཀྱི་གཞོན་ནུའི་ལས་དབང་ལ་འགྱུར་ལྡོག་ཤུགས་ཆེན་ཕྱིན་པའི་གསལ་འགྲེལ་ཡག་ཤོས་ཤིག་ཏུ་འགྱུར་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར་ལངས་ནས། བོད་ཀྱིས་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་དང་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་གོམ་པ་བརྟན་པོ་སྤོས་ཏེ། འཛམ་གླིང་ཡང་རྩེར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་ཀྱི་བཀྲག་མདངས་འཚེར་དང་འཚེར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།