ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་། མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ། ཕེ་རུའི་ཙུང་ཐུང་ཐེང་སེན་ཆིང་ཙི། ཆི་ལིའི་ཙུང་ཐུང་ཁཱ་སི་ཐེ། ཁ་ན་ཏའི་ཙུང་ལི་ཁཱ་ཉི། ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་མཱ་ལཱ་ཕེ་བཅས་དང་ཁག་སོ་སོར་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུཌ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོཌ་འདུར་ཕེབས་པའི་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་སུའུ་ལིན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། ཆུ་ཚད་དེ་བས་མཐོ་ལ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་འཛུགས་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་ཏེ་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ནུས་བསྣན་ཡོད། མི་རིང་བའི་གོང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དང་། ཝེ་ཐེ་ནམ་གུང་ཁྲན་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཏུའང་ཏང་འཛུགས་སྐྱོང་དང་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་ཉམས་མྱོང་དཔྱད་གཞིར་འཛིན་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ཐད་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་རྒྱལ་ཁབ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་འགན་ལེན་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཝེ་རྒྱལ་ཁབ་གཉིས་པོ་ནི་བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི་ངོས་ནས་དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཕྱར་བ་གྲུ་འདེགས་བྱེད་དགོས། ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། ཞི་བདེ་དང་བརྟན་ལྷིང་ཐུན་མོང་ཐོག་སྲུང་བ། འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱོགས་མང་འབྲེལ་མཐུད་ཟབ་ཏུ་གཏོང་བ་དང་། ཁེ་ཕན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རིག་ལྡན་འགག་སྒོ་དང་རྒྱལ་སྒྲོལ་དཔལ་འབྱོར་མཉམ་ལས་ཁུལ་སྔ་ཙམ་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་བ། གྲངས་འཛིན་ཕྱོགས་སྒྱུར་དང་ལྗང་མདོག་ཐཱན་ཉུང་སོགས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱི་མཉམ་ལས་འཚོལ་ཞིབ་བཅས་བྱེད་དགོས། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བྱེད་པ་དང་། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་གྱི་སྤུས་རྟགས་མུ་མཐུད་གཏོད་པ། “ཀྲུང་ཝེ་ཡུལ་སྐོར་མཉམ་ལས་ལོ”ཐུན་མོང་ཐོག་ཡག་པོ་གཉེར་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་། ལྷག་པར་དུ་གཞོན་ནུ་ཕན་ཚུན་གཉེན་ཉེ་ལྟ་བུར་འགྱུར་བ་བྱེད་དགོས། མཚོ་ཐོག་གི་མི་མཐུན་སར་དོ་དམ་ཚོད་འཛིན་འོས་འཚམ་བྱས་ནས་མཚོ་ཐོག་མཉམ་ལས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་སོགས་སྒྲོམ་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ད་ལོ་དང་སང་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་མུ་མཐུད་ཡག་པོ་བྱེད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་མ་ལག་སྐྲུན་པ་བཅས་བྱེད་དགོས།
སུའུ་ལིན་གྱིས། ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་རྟེན་འབྲེལ་ཞུ་གི་ཡིན། ངས་ད་ལོ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ཚུན། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་པ་དང་། མཐོ་རིམ་དབར་གྱི་འགྲོ་འོང་དེ་བས་ཟབ་ཏུ་ཕྱིན་པ། ཕྱོགས་གཉིས་པོའི་ཚོང་དོན་ལ་འཕར་སྣོན་ཤུགས་ཆེན་བྱུང་བ། མི་ཆོས་རིག་གནས་སྤེལ་རེས་རྒྱུན་མཐུད་འཁྲུག་ཏུ་ཕྱིན་པ་བཅས་བྱུང་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་འདི་ཉིད་ཝེ་ཐེ་ནམ་གྱི་གལ་འགངས་ཆེ་ཤོས་ཀྱི་འཐབ་ཇུས་རྒྱབ་རྟེན་ཞིག་ཏུ་བརྩི་ཡི་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མཐོ་རིམ་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་ནས་ཚོང་དོན་ཆུ་ཚད་མཐོ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་དམངས་དབར་གྱི་མཛའ་གཅུགས་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད། བློ་མཐུན་ཡིན་ལ་སྤུན་ཟླ་ཡང་ཡིན་པའི་འདུ་ཤེས་ཐོག་ནས་ཐུན་མོང་ཐོག་མཚོ་ཐོག་གི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཝེ་ཐེ་ནམ་ཕྱོགས་ཀྱིས་APECཡི“ཀྲུང་གོའི་ལོ”བདེ་བླག་ངང་གཉེར་བར་རྟེན་འབྲེལ་ཞུ་གི་ཡིན། སྐབས་རྗེས་མའི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ངོས་ནས། ཝེ་ཐེ་ནམ་ཕྱོགས་ཀྱིས་APECཡི“ཀྲུང་གོའི་ལོའི”གྲུབ་འབྲས་དོན་འཁྱོལ་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་རྒྱུན་མཐུད་གཏོང་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་གལ་ཆེན་ལ་ཝེ་ཐེ་ནམ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་མོ་ཞི་ཁོའི་ཙུང་ཐུང་ཤིན་པའོ་མུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་མོ་ཞི་ཁོ་ནི་ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་གྲོགས་པོ་བཟང་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཡིན་པས་འཕེལ་རྒྱས་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། མིག་སྔའི་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་མོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་གཏིང་ཟབ་པ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་མངོན་འགྱུར་བྱེད་པ་དང་།གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་འབྲེལ་རང་དར་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་མོའི་འབྲེལ་བར་ཐོག་མཐའ་བར་གསུམ་དུ་ཕུགས་ཀྱི་ཟུར་ཚད་ནས་ལྟ་སྟངས་འཛིན་གྱི་ཡོད། མོ་ཞི་ཁོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག དར་རྒྱས་བརྟན་ལྷིང་དང་། སྒོ་དབྱེ་མཉམ་འདྲེས། ཀུན་ཕན་བསྟུན་མཁས། ཕྱར་བ་གྲུ་འདེགས་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་མོ་ཕྱོགས་གཉིས་ཀས་གཅིག་ནས་ཕན་ཚུན་ལྷག་བསམ་ཟོལ་མེད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་བརྟན་པོ་བཟུང་བ། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་སང་ལོའི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཐུན་མོང་ཐོག་ཡག་པོ་གཉེར་དགོས། གཉིས་ནས་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚན་རྩལ། ནུས་རྒྱུ་གཙང་མ། རིག་གནས། ཡུལ་སྐོར་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རོགས་ལས་ཟབ་གཏོང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་དགོས། བཞི་ནས་ལས་དབང་གཅིག་མཐུན་མཐའ་འཁྱོངས་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པའི་འདུ་འགོད་ཆེན་པོ་ལྔ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས།
ཤིན་པའོ་མུའུ་ཡིས་གསུངས་དོན། མོ་ཀྲུང་མཛའ་གྲོགས་ཀྱི་རྨང་གཞི་བརྟན་ཞིང་རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་ཏུ་འབྲེལ་བས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་ཞུས་ནས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། “མོ་ཞི་ཁོའི་འཆར་གཞིར”སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཀྲུང་གོ་ཕྱོགས་དང་ཚོང་དོན་དང་། མ་འཇོག ཚན་རྩལ། བཟོ་སྐྲུན་ལས་རིགས། མི་ཐབས་རིག་ནུས། ཞིང་ལས། ཆུ་བེད་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཕྲོད་བསྟེན་དང་། སློབ་གསོ། རིག་གནས་ཡུལ་སྐོར་བཅས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ད་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། འཚོག་ཉེར་ཡོད་པའི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ཡོང་ངེས་ཡིན་ཞིང་། དེས་སླད་ཕྱིན་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་རྨང་གཞི་བརྟན་པོ་འདིང་ཐུབ་པའི་ཡིད་ཆེས་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་2028ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུ་གཙོ་གཉེར་བྱ་རྒྱུ་ཡིན་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་དང་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཕེ་རུའི་ཙུང་ཐུང་ཐེང་སེན་ཆིང་ཙི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ལོ་ནི་ཀྲུང་གོ་དང་ཕེ་རུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ལོ་ཞིག་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཐུབ་ཡོད། ཀྲུང་གོ་འདི་ཉིད་ལོ་12བསྟུད་མར་ཕེ་རུའི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཕྱིར་གཏོང་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་གཟའ་འཁོར་གཉིས་ཀྱི་གོང་ཀྲུང་ཕེའི་རང་མོས་ཚོང་དོན་ཆོད་ཡིག་རིམ་སྤོར་གྲོས་ཡིག་དངོས་སུ་གོ་ཆོད་པ་དང་ཀྲུང་གོའི་ཁེ་ལས་འཛུགས་སྐྲུན་ལ་ཞུགས་པའི་ཆན་ཁའེ་གྲུ་ཁས་ཨེ་ཤེ་ཡ་དང་ལ་ཏིང་མེ་གླིང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ལེགས་པ་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད། ཕྱོགས་གཉིས་པོས་གཙོ་གནད་ཐོག་ཕྱོགས་བཞིའི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་མཛའ་གྲོགས་འགྲོ་འོང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་དང་། ཁྲིམས་བཟོའི་སྒྲིག་གཞི། སྲིད་ཏང་། ས་གནས་སོགས་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ནས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་རང་མོས་ཚོང་དོན་གྲོས་ཆོད་རིམ་སྤོར་གྱི་གྲོས་ཡིག་གི་ཁེ་སྤོགས་མུ་མཐུད་འདོན་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ། ཐོན་ཁུངས་སོགས་སྲོལ་རྒྱུན་མཉམ་ལས་སྲ་བརྟན་དུ་གཏོང་བ། ནུས་རྒྱུ་གསར་པ་དང་མི་ཐབས་རིག་ནུས་སོགས་གསར་དར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བཅས་བྱས་ནས་ཐུན་མོང་ཐོག་དར་རྒྱས་ཡོང་བར་བྱེད་དགོས་པ། གསུམ་ནས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་རིག་གནས་དང་། སློབ་གསོ། ཡུལ་སྐོར། གནའ་རྫས་རྟོག་ཞིབ། འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་མཐུད་དགོས་པ། བཞི་ནས་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་ངོ་མ་དང་རང་མོས་ཚོང་དོན་ལ་སྲུང་སྐྱོང་བྱས་ཏེ་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས་པ་བཅས་རེད།
ཐེང་སེན་ཆིང་ཙི་ཡིས་གསུངས་དོན། ཕེ་རུ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55རིང་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཏེ་ཀྲུང་གོ་འདི་ཉིད་ཕེ་རུའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ཕེ་རུ་ཕྱོགས་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཡིད་སྨོན་བྱེད་ཀྱི་ཡོད། ཕེ་རུས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་རང་མོས་ཚོང་དོན་གྱི་གྲོས་ཆོད་རིམ་སྤོར་གོ་སྐབས་སུ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་འགྲོ་འོང་བྱེད་ཟབ་ཏུ་བཏང་ནས་ཚོང་དོན་དང་། མ་འཇོག རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཆན་ཁའེ་གྲུ་ཁ་སོགས་རྣམ་གྲངས་ཀྱིས་ཕེ་རུའི་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་མ་འཇོག་ཁེ་ལས་དེ་བས་མང་བ་ཕེ་རུར་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་དང་སྒོ་དབྱེ་དང་བརྟན་ལྷིང་གི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་འདོད་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སློབ་གསོ་དང་རིག་གནས་སོགས་མི་ཆོས་རིག་གནས་སྤེལ་རེས་སྔར་བས་ཟབ་ཏུ་བཏང་ནས་ཏང་དབར་གྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕེ་རུ་ཕྱོགས་ཀྱིས་ཨེར་ཉི་ནུའོ་ཡི་འགྲན་སློང་ལ་ཁ་གཏད་གཅོག་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གཅུགས་ཟབ་ཏུ་གཏོང་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཆི་ལིའི་ཙུང་ཐུང་ཁཱ་སི་ཐེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཆི་ལི་ནི་རོགས་ཟླ་ཡག་པོ་ཞིག་རེད། ཆི་ལི་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་བཙུགས་པའི་མེ་གླིང་ལྷོ་མའི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་། ཀྲུང་གོ་དང་ཆི་ལིའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་པ་དང་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཕྱིན་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་མེ་གླིང་ལྷོ་མའི་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་པའི་ཉམས་མྱོང་གལ་ཆེ་ཤོས་ནི་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་བྱེད་ཀྱི་ཡོད་པས་རེད། ད་ལོ་ནི་ཀྲུང་ཆི་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་10འཁོར་བའི་ལོ་ཞིག་རེད་ལ། རྒྱལ་ཁབ་གཉིས་པོའི་རང་མོས་ཚོང་དོན་གྲོས་ཆོད་གོ་ཆོད་ནས་ལོ་ངོ་20འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ཀྲུང་ཆི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་ཀྱི་མཚམས་ཚིགས་གལ་ཆེན་དུ་སླེབས་ཡོད། ངས་ཙུང་ཐུང་ཁཱ་སི་ཐེ་དང་མཉམ་དུ་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱས་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཆེད་མཉམ་དུ་འཆར་གཞི་བཀོད་ནས་ཕྱོགས་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རམ་འདེགས་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཆི་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བཅས་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་མཉམ་སྐྱོད་པ་ཞིག་བྱེད་དགོས། ཀྲུང་གོ་དང་ཆི་ལིའི་དཔལ་འབྱོར་གྲུབ་ཆ་གསབ་རེས་དང་མཉམ་ལས་ཀྱི་རྨང་གཞི་ཟབ་མོ་ཡོད་པས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་དོན་དང་། ནུས་རྒྱུ། གཏེར་རྫས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གནམ་དཔྱད་སོགས་སྲོལ་རྒྱུན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་ཐབས་རིག་ནུས་དང་། གླིང་སྣེའི་ཚན་རིག་རྟོག་ཞིབ། མཚོ་གཏིང་འཚོལ་ཞིབ་སོགས་གསར་དར་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ཀྱི་མཉམ་ལས་ཀྱི་གསར་འབྱེད་པ་ཞིག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཆི་ལི་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ཕྱོགས་དང་མཉམ་དུ་ལ་ཏིང་མེ་གླིང་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་གཏན་འཁེལ་རང་བཞིན་དེ་བས་མང་བ་བསྣན་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་འདོད་ཡོད།
ཁཱ་སི་ཐེས་གསུངས་དོན། ཆི་ལིས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ཚུན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་ཕྱིན་རུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་བརྟན་པོ་ཕྱིན་ཡོད། ཀྲུང་གོ་ནི་ལོ་མང་རིང་ཆི་ལིའི་ཚོང་དོན་རོགས་ཟླ་ཆེ་གྲས་དང་པོ་དང་ཞིང་ལས་ཐོན་རྫས་དང་གཏེར་རྫས་ཕྱིར་གཏོང་བྱ་ཡུལ་ཆེ་ཤོས་དེ་ཡིན་པས། ཀྲུང་གོ་དང་མཉམ་ལས་བྱས་པ་དེས་ཆི་ལིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་ནི་ཆི་ལིའི་ལས་རིགས་ཁག་གི་ཐུན་མོང་གི་ངོས་འཛིན་ཞིག་རེད། ཆི་ལིས་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་དབར་གྱི་འབྲེལ་བ་ཡག་པོ་ཟབ་ཏུ་གཏོང་བ་དང་། ཚོང་དོན་མ་འཇོག་མཉམ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ། ཞིང་ལས་དང་། གཏེར་ལས། ནུས་གསར་རླངས་འཁོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་ཐབས་རིག་ནུས་སོགས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་སློབ་གསོ་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཆི་ལིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་། རང་མོས་ཚོང་དོན་མཐའ་འཁྱོངས། འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཁ་ན་ཏའི་ཙུང་ལི་ཁཱ་ཉི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཁ་ན་ཏ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་རེད། ཀྲུང་ཁའི་འབྲེལ་བ་ལེགས་སུ་དང་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་ལ། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་སྲུང་སྐྱོང་བྱེད་པར་ཡང་ཕན་ཐོགས་ཡོད་པས་དེ་ནི་གདམ་ག་ཡང་དག་པ་ཞིག་རེད། ལོ་དེ་དག་རིང་གི་ཀྲུང་ཁའི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཀྱིས་ང་ཚོར་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གཉིས་ཕན། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བཅས་བྱེད་དགོས་པའི་བློ་སྒོ་གལ་ཆེན་ཕྱེ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཁའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཕན་ཚུན་བརྩི་འཇོག་དང་། ཐུན་མོང་འཕེལ་རྒྱས། ཕན་ཚུན་ཡིད་ཆེས། ཕན་ཚུན་མཉམ་ལས་བཅས་ཀྱི་རོགས་ཟླ་ཞིག་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཆེ་བ་སྐྲུན་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་ཁའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་དགོངས་འཆར་ཁག་བཞི་བཏོན་གནང་བ་སྟེ། གཅིག་ནས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་བཏང་སྟེ་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་བྱས་པ་བརྒྱུད། ཕན་ཚུན་གྱི་འཕེལ་རྒྱས་འགྲོ་ལམ་དང་སྲིད་ཇུས་ཀྱི་འདོད་འདུན་ལ་ཡང་དག་པའི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བསམ་ཤེས་དང་བརྩི་འཇོག་ཟབ་ཏུ་གཏོང་བ། འགལ་ཟླ་དང་མི་མཐུན་ས་དོ་དམ་ཚོད་འཛིན་འོས་འཚམ་དང་སེལ་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་ཐུན་མོང་ཐོག་སྟངས་འཛིན་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་དོན་དང་། ནུས་རྒྱུ། ཞིང་ལས། དངུལ་རྩ་སོགས་སྲོལ་རྒྱུན་གྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ལྗང་མདོག་དཔལ་འབྱོར་དང་། གློག་རྡུལ་ཚོང་དོན། གྲངས་འཛིན་དཔལ་འབྱོར་སོགས་གསར་དར་མཉམ་ལས་རྒྱ་ཆེར་བཏང་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་དེ་བས་ལེགས་པ་མངོན་འགྱུར་ཐུབ་པར་བྱེད་དགོས་པ། གསུམ་ནས་ཕུགས་ལ་དམིགས་ཏེ་མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོས་སློབ་གསོ་དང་། རིག་གནས། ཡུལ་སྐོར། ཚན་རྩལ། གཞོན་ནུ། ས་གནས་སོགས་ཀྱི་སྤེལ་རེས་མཉམ་ལས་དེ་བས་མང་བ་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་པ། བཞི་ནས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་ལག་ལེན་བསྟར་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
ཁཱ་ཉི་ཡིས་གསུངས་དོན། འདི་ལོའི་ལོ་འགོར་ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཐུག་འཕྲད་བྱས་ནས་ཁ་ཀྲུང་གི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གསར་པ་གཏན་འཁེལ་བྱས་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་ཡང་དག་པའི་འཕེལ་རྒྱས་ཀྱི་འཁོར་ལམ་དུ་བསྐྱོད་ནས་རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་དབར་འགྲོ་འོང་ཡང་ཡང་བྱས་པ་དང་། ཚོང་དོན་དངུལ་འབོར་ཆེས་ཆེར་འཕར་བ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། དེ་ཐོག་ནས་རྒྱལ་ཁབ་གཉིས་པོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་མཉམ་ལས་ལ་སྐུལ་འདེད་དང་གཏིང་ཟབ་ཏུ་བཏང་བ་གང་ལེགས་མཚོན་ཡོད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། ཚོང་དོན་དང་། མ་འཇོག ནུས་རྒྱུ་གསར་པ། ཞིང་ལས་ཐོན་རྫས། མི་ཐབས་རིག་ནུས། ཡུལ་སྐོར་སོགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། གནད་དོན་གྱི་གསལ་ཐོ་ཉུང་དུ་གཏོང་བ། མཉམ་ལས་ཀྱི་གསལ་ཐོ་མང་དུ་གཏོང་བ། མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བཅས་བྱས་ཏེ་ཁ་ཀྲུང་འབྲེལ་བ་ཡུན་རིང་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་འདི་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་གི་འགན་འཁུར་བར་རྟེན་འབྲེལ་ཞུ་གི་ཡིན། འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུའི“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་ཡོད། ཁ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཞི་བདེ་རྒྱ་མཚོ་ཆེན་པོའི་རྒྱལ་ཁབ་གལ་ཆེན་ཞིག་རེད། ཁ་ན་ཏ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པ། རང་མོས་ཚོང་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་འཛམ་གླིང་གི་བརྟན་ལྷིང་དར་རྒྱས་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་དུ་ཀྲུང་གོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཕེབས་པའི་ཕ་ཕུ་ཡ་ཀུའི་ནེ་ཡའི་ཙུང་ལི་མཱ་ལཱ་ཕེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་སྲོལ་རྒྱུན་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་མཉམ་ལས་བཅས་མཐའ་འཁྱོངས་བྱས་པས། ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཏན་ཏིག་བྱུང་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕ་ཕུ་ཡ་ཀུའི་ནེ་ཡ་ནི་བློས་འགེལ་ཆོག་པའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོར་བརྩིས་ཏེ། ཕ་ཕུ་ཡ་ཀུའི་ནེ་ཡས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཕ་ཕུ་ཡ་ཀུའི་ནེ་ཡས་རང་བཙན་རང་བདག་ངང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡའི་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོས་མངའ་ཁོངས་ཆ་ཚང་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་པའི་དྲང་བདེན་གྱི་བྱ་སྤྱོད་ཅིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཕ་ཕུ་ཡ་ཀུའི་ནེ་ཡ་དང་མཉམ་དུ་རྒྱལ་སྐྱོང་སྲིད་འཛིན་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་དང“ཕ་ཕུ་ཡ་ཀུའི་ནེ་ཡ་དང་སྦྲེལ་མཐུད་བྱེད་པའི”འཆར་གཞི་སོགས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཚོང་དོན་མ་འཇོག་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་དང་ཉ་ལས། ནུས་རྒྱུ་དང་གཏེར་རྫས་སོགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་། དངུལ་རྩའི་ཞབས་ཞུ། ལྗང་མདོག་ནུས་རྒྱུ། ཚན་རྩལ་སོགས་མཉམ་ལས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཕ་ཕུ་ཡ་ཀུའི་ནེ་ཡར་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་ཀྱི་ཡིན། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཡུལ་དུས་མང་པོར་ཕན་ཚུན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྒྱ་མཚོའི་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོས།
མཱ་ལཱ་ཕེ་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ནས་འཛམ་གླིང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་བཏོད་ཡོད། ཀྲུང་གོ་ནི་ཕ་ཕུ་ཡ་ཀུའི་ནེ་ཡའི་གྲོགས་པོ་བཟང་པོ་དང་རོགས་ཟླ་གལ་ཆེ་ཤོས་ཡིན། ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། ཕ་ཕུ་ཡ་ཀུའི་ནེ་ཡས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་དང་། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕ་ཕུ་ཡ་ཀུའི་ནེ་ཡས་ཀྲུང་གོ་ཕྱོགས་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་ཁེ་ལས་ཕ་ཕུ་ཡ་ཀུའི་ནེ་ཡར་མ་འཇོག་ལས་དར་ལ་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན། ཕ་ཕུ་ཡ་ཀུའི་ནེ་ཡས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་བསྔགས་བརྗོད་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་མཉམ་དུ་བཙུགས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད།
ཚའེ་ཆི་དང་། ཝང་དབྱི། ཧོང་ཁུན་མིང་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།