དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞིབ་དཔྱོད་ལས་ཁུངས་ཀྱིས་ཝང་ཅུན་གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-18

    ཟླ་11ཚེས་16ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྟག་དཔྱད་ཚར་རྗེས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། ཝང་ཅུན་ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པར་བརྟེན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཝང་ཅུན་འཛིན་བཟུང་བྱ་རྒྱུའི་ཐག་བཅད་པ་མ་ཟད། ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལ་གྱོད་གཞི་དེ་ཞིབ་བཤེར་ཞུ་གཏུག་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད། ཉེ་ཆར། ཀྲང་ཅ་ཁོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་དེ་ཀྲང་ཅ་ཁོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་རྩིས་སྤྲད་པ་རེད།

    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཞུ་གཏུག་བྱེད་པའི་དུས་རིམ་ནང་། ཞུ་སྦྱོར་ཕྱི་མ་ཝང་ཅུན་ལ་ཁྲིམས་ལྟར་གཏུག་བཤེར་དབང་ཆ་ཡོད་པ་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མར་འདྲི་རྩད་བྱས་པ་དང་དག་འབུད་པའི་བསམ་འཆར་ཡང་ཉན་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་གཏུག་བྱས་དོན། ཞུ་སྦྱོར་ཕྱི་མ་ཝང་ཅུན་གྱིས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་དང་། བོད་རང་སྐྱོང་ལྗོངས་རྒྱལ་ཁབ་ས་ཁམས་ཐོན་ཁུངས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་སོགས་ཀྱི་གོ་གནས་དང་འགན་དབང་གི་སྟབས་བདེ་སྤྱད་ནས་གཞན་ལ་ཁེ་ཕན་བསྒྲུབས་པ་དང་ཁྲིམས་འགལ་ངང་གཞན་གྱི་རྒྱུ་ནོར་བླངས་པའི་གྲངས་འབོར་ཧ་ཅང་ཆེ་བས། ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་ཉེས་མིང་ནས་དེའི་ཉེས་དོན་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།