མཚོ་སྔོན་གྱི“རྨ་ཆུ་དང་ཙོང་ཁའི་སྤུས་ལེགས་ཐོན་རྫས”ཧུའེ་ཧྲན་ཚོང་སྐོར་དུ་སྟོན་པ།
ཟླ་11ཚེས་11དང་ཚེས་12ཉིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་གྱི་སྤུས་ལེགས་ཞིང་ཟོག་ཐོན་རྫས་ལས་སྣོན་ཁེ་ལས་དང་ཞིང་ལས་མཉམ་ལས་ཁང་12ཀྱིས་ཚགས་ཤ་དང་། བོད་ཀྱི་ལུག་ཤ ལི་སྙི་མོ། ཚགས་ཤ་སྐམ་པོ། ས་མཐོའི་ཏན་ཞིམ་སོགས་ཀྱི་ཐོན་རྫས་ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཁྱེར་ཧུའེ་ཧྲན་ཆུས་ཀྱི“ཐོན་རྫས་སྤུས་དག་ཧུའེ་ཧྲན་ཡུལ་དུ་སྟོན། རི་ཆུ་སྦྲེལ་བའི་ལས་དར་མཉམ་དུ་གཏོད”ཅེས་པའི་འགྲེམས་ཚོང་འོས་སྦྱོར་བྱེད་སྒོར་སྟོན་པ་རེད།
བྱེད་སྒོ་སྤེལ་རིང་། འགྲེམས་ཞུགས་ཁེ་ལས་ཀྱིས་ཚགས་ཤའི་རྒྱ་ཁོག་དང་། ལུག་ཤ་བསྲེགས་མ། ཚགས་ཤ་སྐམ་པོ། ལི་སྙི་མོ། ཏན་ཞིམ་སོགས་རིན་མེད་བྲོ་བ་མྱོང་བའི་བྱེད་སྒོ་སྤེལ་བར། དེ་གའི་གྲོང་མི་མང་པོ་ཞིག་གིས་བྲོ་བ་མྱངས་རྗེས་འཕྲལ་མར་འགྲེམས་སྟེགས་སུ་རིན་གོང་སྐད་ཆ་འདྲི་བ་དང་ཉོ་བར་སླེབས་ཡོད་ལ། མཚོ་ཤར་ནན་ལེང་ལེགས་འདེམས་སྤུས་རྟགས་གཉེར་སྐྱོང་ཚད་ཡོད་ཀུང་སིས་ཁྱེར་ཡོང་བའི་འབྲི་གཡག་དཀར་པོ་དང་བོད་ཀྱི་ལུག་ཤའི་ཐོན་རྫས་དེ་འཛད་སྤྱོད་དུས་ཚོད་དང་ཏག་ཏག་འཁེལ་ནས་ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་ཉོ་བཞིན་ཡོད། གྲོ་ཚང་གི་འབྲི་གཡག་དཀར་པོའི་ཤ་དེ་ཉིད་ལ་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཁས་ལེན་དཔང་འདོན་དང་ཤང་ཀང་གི་སྤུས་ལེགས་ཁས་ལེན་དཔང་འདོན་གཉིས་ཀ་ཡོད་པར་བརྟེན་ས་ཡུལ་དངོས་ཀྱི་དོ་ཁུར་བྱེད་མང་བའི་ཐོན་རྫས་ཀྱི་གྲས་སུ་གྱུར་ཞིང་། ཁེ་ལས་དེའི་འགན་འཁུར་བས། ད་ཐེངས་ཧུའེ་ཧྲན་ཆུས་སུ་ཡོང་ནས་ས་གནས་གཉིས་པོའི་འགན་ནུས་སྡེ་ཚན་གྱི་མཚམས་སྦྱོར་བརྒྱུད་ཧུའེ་ཧྲན་ཆུས་ཀྱི་བཟའ་བཏུང་ཁེ་ལས་དང་ངོ་འཕྲད་གྲོས་མོལ་བྱས་ཏེ། འབྲི་གཡག་དཀར་པོའི་ཤ་སོས་པའི་རྒྱ་ཁོག་ཝུའུ་ཤིས་ཀྱི་ཁྲོམ་རར་གཏོང་རྩིས་ཡོད་ཅེས་བཤད།
གྲོ་ཚང་ཁུལ་དང་ཧུའེ་ཧྲན་ཆུས་དབར་ཆ་སྒྲིག་མཉམ་ལས་བྱས་ནས་ལོ་མང་སོང་རིང་། ཐོན་ལས་མཉམ་སྐྲུན་དང་། ཤེས་ལྡན་པའི་སྤེལ་རེས། འཛད་སྤྱོད་རོགས་སྐྱོར་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱུང་ཡོད། ད་ཐེངས་ཀྱི་འགྲེམས་ཚོང་བྱེད་སྒོར་མི་ཆོས་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་དང་ཚོང་འགུགས་འོས་སྦྱོར་མཉམ་དུ་བྱེད་པ་དང་ཆབས་ཅིག གྲོ་ཚང་གི་ས་བབ་ཀྱི་ལེགས་ཆ་དང་། མི་ཆོས་རིག་གནས་ཀྱི་ཐོན་ཁུངས། ཚོང་གཉེར་ཁོར་ཡུག་བཅས་འགྲེམས་རྫས་དང་མཉམ་དུ་ཧུའེ་ཧྲན་གྱི་གྲོང་མི་དང་ཚོང་པའི་མིག་ལམ་དུ་བཤམས་ནས། ཐོན་རྫས“ཕྱིར་སྐྱོད་རྒྱུ”དང་འགྲུལ་པ“ནང་དུ་འདྲེན་རྒྱུར”མཉམ་དུ་སྐུལ་འདེད་བཏང་ཡོད། ས་གནས་གཉིས་པོས་ཤར་རྒྱུད་དང་ནུབ་རྒྱུད་མཉམ་ལས་རྒྱུན་མཐུད་བྱེད་ཟབ་ཏུ་བཏང་ནས“ནུབ་ཟོག་ཤར་འདྲེན”གྱི་ཐབས་ལམ་རྒྱུན་མཐུད་ཤར་གཏོང་གིས་ས་མཐོའི་ཐོན་རྫས་སྤུས་དག་དེ་བས་མང་བ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཁྲོམ་རར་བཏོན་ཏེ། ཁྲོམ་ར་ཅན་གྱི་མཉམ་ལས་ལ་བརྟེན་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།