ཧྲེན་ཀྲེན་དུ་མཉམ་འཛོམས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དར་རྒྱས་ཀྱི་ལེའུ་གསར་རྩོམ་དགོས།
ཧྲེན་ཀྲེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་ཞིག་རེད། ཧྲེན་ཀྲེན་གྱི་བརྗིད་ཆེའི་མདུན་ལམ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་མངོན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་པ་མཚོན་ཡོད།
ཟླ་11ཚེས་18དང་19ཉིན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་ཧྲེན་ཀྲེན་དུ་འཚོག་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོས་APECཚོགས་འདུ་འཚོག་ཐེངས་གསུམ་པ་ཡིན་ལ། ལོ་12སོང་རྗེས་APECཚོགས་འདུ་སླར་ཡང་ཀྲུང་གོར་འཚོགས་པ་ཞིག་ཀྱང་རེད། 2001ལོའི་ཧྲང་ཧའེ་དང་། 2014ལོའི་པེ་ཅིང་། དེ་ནས་2026ལོར་ཧྲེན་ཀྲེན་དུ་འཚོགས་པའི་བར། ང་ཚོས་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་ལ་ཕྱོགས་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་མཉམ་འདྲེས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་བདེ་སྡུག་མཉམ་མྱོང་བཅས་བྱས་པའི་སྤྱིང་བཏང་མིན་པའི་ལོ་རྒྱུས་ལམ་བུར་དཔང་པོ་བྱེད་ཐུབ། ཧྲེན་ཀྲེན་གྲོང་ཁྱེར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཀྱི་ལམ་བུར་ཕྱིར་མིག་ལྟ་སྐབས། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་བསྐྲུན་ནས་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི”བརྗོད་དོན་གཙོ་བོར་དོན་སྙིང་དེ་བས་ཟབ་མོ་ལྡན་ཡོད།
APEC“ཀྲུང་གོའི་ལོ”ཡིས“སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་དམིགས་བཀར་གྱི་ཁྱབ་ཁོངས་ཆེན་པོ་གསུམ་གཏན་འཁེལ་བྱས་པ་ནི་འདོད་བློ་བྱ་སྤྱོད་ཀྱི་འཆར་གཞིར་འགྱུར་བར་བྱེད་པ་སྟེ། སྒོ་དབྱེར་བརྟེན་ནས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་སྒུལ་ནུས་ཆེ་རུ་གཏོང་བ། མཉམ་ལས་ལ་བརྟེན་ནས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་རེད། ཁྱབ་ཁོངས་ཆེན་པོ་གསུམ་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་འདེགས་སྐྱོར་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་དོན་གཉེར་བྱེད་ས་མཁོ་འདོན་བྱས་ཡོད། གོ་ལ་ཧྲིལ་པོའི“རིམ་འདས་ཉོ་སྒྲུབ་པ”དང“རིམ་འདས་ཚོང་པ”ཞིག་ཡིན་པའི་ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་རེད། ཀྲུང་གོའི་ཁྲོམ་ར་ཇི་ཙམ་སྒོ་མོ་འབྱེད་ན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རོགས་ཟླའི་མཉམ་ལས་ཀྱི་བར་མཐོངས་དེ་ཙམ་གྱིས་ཡངས་སུ་འགྲོ་བ་དང་། ཀྲུང་གོ་འཕེལ་རྒྱས་ཇི་ཙམ་ཆེ་ན་ས་ཁུལ་ཐུན་མོང་ཐོག་དར་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་དེ་ཙམ་ལྡན་ངེས་རེད།
སྒོ་དབྱེ་ནི་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་རེད། འགོ་བཙུགས་པ་ནས་ད་བར་APECཡིས་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ཡོང་བར་བྱེད་པ་དེ་དར་ཆ་ལྟ་བུར་བརྩིས་ནས་ཁོངས་མིའི་དཔལ་འབྱོར་དངོས་གཞིའི་འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་ཡང་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་བྱས་པའི་ཁར། སྒོ་ཁྲལ་ཉུང་དུ་དང་། སྒྲིག་སྲོལ་དང་འགྲོ་འོང་སྟབས་བདེ་རུ་བཏང་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་སྔ་ས་ནས་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཐུབ་པ་ལས། མཉམ་ལས་ནི་གདམ་ག་ཞིག་མིན་པར་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པ་ར་སྤྲོད་ནུས་ལྡན་ཐུབ་ཡོད། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་ཡིན་ལ། 《ཀྲུང་ཨུའི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་རྣམ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མདུན་ལམ་སྔར་བས་ཆེན་པོ་ལྡན་པ་དང་སྔར་བས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཨུ་རུ་སུ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་ཁྱིམ་ཚང་ཆེ་མོའི་ཁོངས་མི་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཚུད་པའི་ཕྱོགས་ཁག་དང་མཉམ་དུ“སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་དམིགས་བཀར་གྱི་ཁྱབ་ཁོངས་ཆེན་པོ་གསུམ་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་འདུ་ཤེས་དེ་དངོས་དངོས་རྗེན་རྗེན་གྱི་མཉམ་ལས་ཀྱི་ཁེ་ཕན་ལ་འགྱུར་བར་བྱེད་འདོད་ཡོད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་འབྱུང་འགྱུར་ནི་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་འདོད་ཡོད་པའི་མི་རྣམས་ལ་དབང་བ་ཞིག་རེད། ཕྱོགས་ཁག་ཧྲེན་ཀྲེན་དུ་མཉམ་འཛོམས་ཀྱིས་སྒོ་དབྱེར་བརྟེན་ནས་གོ་སྐབས་གཅིག་སྡུད་དང་། གསར་གཏོད་ལ་བརྟེན་ནས་གསོན་ཤུགས་འཕེལ་བ། མཉམ་ལས་ལ་བརྟེན་ནས་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་གཅིག་མཐུན་ཚོགས་པའི་རེ་འདོད་རེ་རེ་བཞིན་དོན་དངོས་སུ་གྱུར་བ་དང་། ཐུན་མོང་དར་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་སྒོ་ནས་ས་ཁུལ་གྱི་མི་དམངས་ལ་ཕན་པ་སྐྲུན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
(རྩོམ་པ་པོ་ནི་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
འབྲེལ་ཡོད་གསར་འགྱུར།