2026ལོའི་ཀྲུང་གོ་དང་ཨ་རིའི་སྲིད་ཏང་དབར་གླེང་མོལ་བྱས་པ།
པེ་ཅིང་དུ་2026ལོའི་ཀྲུང་གོ་དང་ཨ་རིའི་སྲིད་ཏང་དབར་གླེང་མོལ་བྱས་ཤིང་། ཨ་རི་ཕྱོགས་ཀྱི་སྲིད་ཏང་དང་། འཐབ་ཇུས་ལས་རིགས། བཟོ་ཚོང་ལས་རིགས་བཅས་དང་། དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ས་གནས་སྲིད་གཞུང་། ཇུས་འདོན་ཚོགས་པ། མཐོ་སློབ། དམངས་ཁྲོད་སྒྲིག་གཞི་བཅས་ཀྱི་འཐུས་མི་ཞུགས་ཡོད་པ་རེད། ཕྱོགས་གཉིས་པོས“འགྱུར་ལྡོག་འགྲོ་བཞིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་འཛམ་གླིང་དུ་དུས་རབས་གསར་པའི་ཀྲུང་ཨའི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཟོལ་མེད་དང་། གཏིང་ཟབ། དགེ་མཚན་ལྡན་པའི་སྤེལ་རེས་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཧའེ་ཤིང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་སྐབས། བརྟན་པོ་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་ཀྲུང་ཨའི་འབྲེལ་བ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པ་མ་ཟད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་འཛམ་གླིང་ཞི་བདེ་དར་རྒྱས་ཡོང་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་དུས་རབས་གསར་པའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཨའི་དབར་གྱི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བའི་རྨང་གཞི་བརྟན་དུ་ཧུར་ཐག་གཏོང་དགོས་ཞེས་བརྗོད་པ་རེད།
ཨ་རི་ཕྱོགས་ཀྱི་འཐུས་མིས། དེང་སྐབས་ཨ་ཀྲུང་གི་འབྲེལ་བ་ནི་ལྷུ་ཚིགས་གལ་ཆེན་དུ་གནས་ཡོད། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས། ཨ་ཀྲུང་འབྲེལ་བ་ཡུན་རིང་བརྟན་པོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་འཛམ་གླིང་ལ་སྔོན་དཔག་བརྟན་པོ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།