དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2026ལོའི་སྨན་བཅོས་འགན་བཅོལ་དཀར་ཆག་རྒྱུན་རྣམ་ཅན་གྱི་ལེགས་སྒྲིག་ལས་དོན་ལེགས་སྒྲུབ་བྱས་པ།

    སྨན་སྣ་ཁ་107གསར་དུ་བསྣན་པ་ལས་སྨན་སྣ་ཁ་51རིགས་དང་པོའི་གསར་གཏོད་སྨན་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-18

    གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས《རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། བུ་བཙའི་འགན་བཅོལ། ལས་རྨས་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག》དང་དེ་བཞིན《ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག》(2026ལོ)ཁྱབ་བསྒྲགས་བྱས་ནས། 2026ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་རྒྱུན་རྣམ་ཅན་གྱི་ལེགས་སྒྲིག་ལས་དོན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།

    ཐེངས་འདིར་ལེགས་སྒྲིག་བྱེད་རིང་། ཁྱོན་སྨན་སྣ་ཁ་107གསར་དུ་བསྣན་པ་ལས་སྨན་སྣ་ཁ་51རིགས་དང་པོའི་གསར་གཏོད་སྨན་ཡིན་པས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། གསར་དུ་བསྣན་པའི་སྨན་རྫས་ཁྲོད་དུ་སྐྲན་ནད་དང་། མཐོང་དཀོན་པའི་ནད། གཅོང་ནད། སྨྱོ་ནད་སོགས་ནད་ཐོག་སྨན་བཅོས་ཀྱི་འཕྲལ་མཁོའི་ཁྱབ་ཁོངས་ཀྱི་སྨན་རྫས་མང་པོ་ཡོད་པ་དང་། དེ་དང་ཆབས་ཅིག ནད་ཐོག་སྨན་བཅོས་ཀྱི་རིན་གོང་ཚད་བཀག་ཡོད་པ་དང་། དེ་བས་ལེགས་པའི་ཚབ་སྨན་ཡོད་པའམ་ཡང་ན་གསལ་བཤད་ཆ་འཕྲིན་མེད་པའི་ཁར་མཁོ་འདོན་བྱེད་ཐབས་བྲལ་བའི་སྨན་སྣ་ཁ་34དཀར་ཆག་ནང་ནས་ཕྱིར་འཐེན་བྱས་ཡོད་པ་རེད།

    ཐེངས་འདིར་དཀར་ཆག་ལེགས་སྒྲིག་བྱེད་རིང་། གཙོ་བོ་ནད་ཐོག་སྨན་བཅོས་ཀྱི་ཕན་ནུས་མངོན་གསལ་དོད་པ་མ་ཟད་སྨན་བཅོས་ཀྱི་སྟོང་ཆ་སྐོང་ཐུབ་པའི་གསར་གཏོད་སྨན་རྫས་རིགས་མང་པོ་འགན་ལེན་ཁྱབ་ཁོངས་སུ་བཅུག་པའི་ཁྲོད་ནད་གཞི་ཚབས་ཆེན་དང་། བྱིས་པའི་སྨན། རྒན་རྒོན་ཚོའི་གཅོང་ནད་ཀྱི་སྨན་སོགས་དམངས་འཚོའི་འཕྲལ་མཁོའི་སྨན་རྫས་ཡོད་པ་དཔེར་ན། དེ་སྔའི་རིན་གོང་སྒོར་ཁྲི་བརྒྱ་ལྷག་ཟིན་པའི་རྨེན་སྐྲན་གསོ་བའི་CAR—Tརིགས་ཀྱི་སྨན་རྫས་དང་། ཁྲག་ཐོན་སླ་བའི་ནད་བཅོས་པའི་སྨན་རྫས་གཞི་རྩའི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་པ་ལྟ་བུ་རེད།

    ད་ལོར་མུ་མཐུད་ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག་ལེགས་སྒྲིག་དུས་གཅིག་ཏུ་བྱས་ནས་སྨན་སྣ་ཁ་12གསར་དུ་བསྣན་པ་དང་། དེ་དང་ཆབས་ཅིག ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག་དང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་གི་སྦྲེལ་མཐུད་ལམ་སྲོལ་བཙུགས་ནས་2025ལོའི་ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག་གི་སྨན་སྣ་ཁ་2སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་རེད། ལེགས་སྒྲིག་བྱས་རྗེས། 2026ལོའི་ཚོང་ལས་བདེ་ཐང་འགན་བཅོལ་གྱི་གསར་གཏོད་སྨན་རྫས་དཀར་ཆག་ནང་ཁྱོན་སྣ་ཁ་28ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།