གཞི་རིམ་བཅོས་སྐྱོང་བྱ་ཐབས་བཟང་། གནས་འཕྲོད་མཛེས་མཐུན་སྡེ་ཁུལ་སྐྱིད།
—— ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྐར་དམར་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་སྐོར་བཀོད་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་གི་སྐར་དམར་སྡེ་ཁུལ་ནི་2023ལོའི་ཟླ་5པར་བཙུགས་པ་དང་། སྡེ་ཁུལ་དེའི་མིང་ནི་དུས་རབས་གོང་མའི་ལོ་རབས་60པར་བཏགས་པའི“སྐར་དམར་ཀུང་ཧྲེ”ཞེས་པ་ལས་བྱུང་ཞིང་། ད་ཆ་སྡེ་ཁུལ་དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་23དང་། ཁྱིམ་ཚང་4505 གྲོང་མི་11000ལྷག་ཙམ་བདེ་སྡོད་ལས་བརྩོན་བྱེད་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་། སྐར་དམར་སྡེ་ཁུལ་གྱིས“ཕྲན་བུ་དྲུག་དང་མཉམ་འདྲེས་དྲུག”གཙོ་གནད་ལས་དོན་ལ་བརྩིས་ནས། མི་རིགས་མཐུན་སྒྲིལ་དང་། གཞི་རིམ་བཅོས་སྐྱོང་། དམངས་འཚོའི་ཞབས་ཞུ་སོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བས། སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སོགས་གཟི་བརྗིད་མཚན་སྙན་10ལྷག་ཙམ་ཐོབ་ཡོད། “ཕྲན་བུ་དྲུག་དང་མཉམ་འདྲེས་དྲུག”གི་བྱ་ཐབས་ཀྱང་ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་གསར་གཏོད་དཔེ་མཚོན་འགྲན་བསྡུར་སྐབས་བཞི་པའི་ཕུལ་བྱུང་དཔེ་མཚོན་ལ་བདམས་པ་རེད།
དེ་སྔ་གློག་དང་། དྲ་བ། ཁ་པར་སོགས་ཀྱི་སྐུད་ལམ་ཁང་པའི་བར་དུ་ཟང་ཟིང་དུ་ཁྲིད་པའི་བདེ་སྐྱིད་ཁུལ་ཆུང་དེ་ད་ཆ་རྣམ་པ་གསར་རྐྱང་དུ་གྱུར་ཅིང་། 2024ལོར་སྡེ་ཁུལ་གྱིས་སྒྱུར་བཀོད་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་ཏེ་དྲ་ཐོག་ནས་འདེམས་ཤོག་འཕེན་པ་དང་ཁྱིམ་མཚེས་དབར་གྲོས་མོལ་བྱེད་པ་ཟུང་དུ་འབྲེལ་བའི་དོན་གྲོས་བྱེད་སྟངས་གསར་གཏོད་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་པ་རེད། མཐར་བདེ་སྐྱིད་ཁུལ་ཆུང་གི་གློག་སྐུད་སྨི་3000ལྷག་ཙམ་ལ་སྒྱུར་བཀོད་བྱས་པས། གློག་སྐུད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཐུབ་པ་མ་ཟད། ད་དུང་སྡེ་ཁུལ་གྱི་གྲོང་མི་གཞི་རིམ་བཅོས་སྐྱོང་ལ་ཞུགས་པའི་ཧུར་སེམས་ཀྱང་འཕེལ་ཡོད།
སྐར་དམར་ས་ཚིགས་གསར་པ་དེ་ནི་སྔོན་ཆད་མཛོད་ཁང་རྙིང་པ་ཞིག་ཡིན་པ་དང་། ད་ཆ་རྐུབ་བཀྱག་དང་། དཔེ་ཁྲི། འབོལ་ཁྲི་སོགས་གང་དགོས་ཅི་དགར་འཛོམས་ཡོད་དེ། སྒོ་རྒྱབ་ཏུ་ཆར་གདུགས་བཀལ་བ་དང་། ཟུར་དུ་མཉམ་སྤྱོད་གློག་གསོག་འབོ་བཞག་པ། དེའི་འགྲམ་དུ་འཕུར་མཉེད་རྐུབ་བཀྱག་བསྒྲིགས་ཡོད། སྡེ་ཁུལ་གྱི་ལས་དོན་པས། ས་ཚིགས་སུ་ཡོང་མཁན་མང་པོ་ཡོད་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་120ལྷག་ཙམ་ལ་སྣེ་ལེན་ཞུ་གི་ཡོད་ཅེས་གསར་འགོད་པར་བཤད།
གཞན་ཡང་། སྐར་དམར་སྡེ་ཁུལ་གྱིས་ད་དུང་གཞོན་ནུ་ཤེས་ལྡན་པ་དང་དཀའ་ངལ་འཕྲད་པའི་བུད་མེད་མང་ཚོགས་ལ་དམིགས་ནས་གཞོན་ནུ་ཤེས་ལྡན་པའི་ས་ཚིགས་དང་ཉི་མ་མེ་ཏོག་ཁྱིམ་གཞིས་བསྐྲུན་ཡོད། སྡེ་ཁུལ་གྱིས་བསྐྲུན་པའི་ཞག་སྡོད་མགྲོན་ཁང་གི་ཁང་པ་ཚང་མ་གཙང་སྦྲ་དོད་ལ་སྒྲིག་ཆས་ཆ་ཚང་པོ་ཡོད། གནས་སྐབས་ཞག་སྡོད་བྱེད་མཁན་ཚོས་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ལྡན་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་མ་ཟད། ད་དུང་བློ་སེམས་མཐུན་པའི་གྲོགས་པོ་ཡང་འགྲིག་ཐུབ། གཞོན་ནུའི་ས་ཚིགས་སུ་སྡོད་མཁན་སི་ཁྲོན་ནས་ཡིན་པའི་སྐུ་ཞབས་ལི་ལགས་ཀྱིས། ང་འདི་གར་ལས་ཀ་འཚོལ་བར་ཡོང་བ་ཡིན། ད་ལྟ་ལས་ཀ་གཏན་འཁེལ་མ་སོང་། ཡིན་ནའང་སྡེ་ཁུལ་གྱི་ཞག་སྡོད་མགྲོན་ཁང་གིས་ང་ལ་གནས་སྐབས་སྡོད་ས་ཞིག་མཁོ་འདོན་བྱས་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ངས་ལྷོ་ཁ་གྲོང་ཁྱེར་གྱི་དྲོ་སྐྱིད་ཟབ་མོ་ཚོར་བྱུང་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།