སྟག་རྩེ་ཆུས་ཀྱིས“གཞུང་བཙུགས་དམངས་གཉེར”གྱི་རྒན་གསོའི་རྣམ་པ་ཁྱབ་གདལ་བཏང་བ།
སྟག་རྩེ་ཆུས་དམངས་སྲིད་ཅུས་ཀྱིས་གཞུང་བཙུགས་རྒན་གསོའི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་2025ལོའི་ཟླ་12པར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས(གཤམ་དུ“ལྟེ་གནས”ཞེས་བསྡུ་རྒྱུ)“གཞུང་བཙུགས་དམངས་གཉེར”གྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་བཏང་ནས། ཆེད་ལས་ཀྱི་སྤྱི་ཚོགས་རྩ་འཛུགས་ནང་འདྲེན་གྱིས་ཚད་ལྡན་ཅན་གྱི་གཉེར་སྐྱོང་དོ་དམ་བྱས་ཡོད། སྒྱུར་བཅོས་བྱས་ཚུན། ལྟེ་གནས་ཀྱིས་སྤྱི་ཕན་མཐའ་སྐྱོང་གི་ཁྱད་ཆོས་བརྟན་སྲུང་དང་། ཞབས་ཞུའི་མ་ལག་ལེགས་སུ་གཏོང་བ། རྒན་གསོའི་རྣམ་པ་གསར་གཏོད་བཅས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་བ་རེད།
སྒྱུར་བཅོས་བྱེད་རིང་། སྟག་རྩེ་ཆུས་ཀྱིས“མི་བྱེད་པ་ལྔའི”མཐའ་ཚད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་གཞུང་ཁོངས་རྒྱུ་ནོར་མི་ཤོར་བ་དང་། སྤྱི་ཕན་གྱི་ངོ་བོ་མི་འགྱུར་བ། ཞབས་ཞུའི་སྤུས་ཚད་ཞན་དུ་མི་འགྲོ་བ་བཅས་ལ་འགན་ལེན་བྱས་ཏེ། སྲིད་གཞུང་གིས་སྒྲུབ་འགན་འཁུར་བ་ནས་ཆེད་ལས་ཅན་གྱི་གཉེར་སྐྱོང་ཕྱོགས་སུ་སྒྱུར་བར་སྐུལ་འདེད་བརྟན་པོ་བཏང་བ་རེད།
ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་བའི་ཐད། ལྟེ་གནས་ཀྱིས་སྲོལ་རྒྱུན་གྱི་རྨང་གཞིའི་ལྟ་རྟོག་དེ་སྨན་བཅོས་དང་རྒན་གསོ་མཉམ་འདྲེས་གཏིང་ཟབ་ཀྱི་ཕྱོགས་སུ་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད། ཚད་ལྡན་ཅན་གྱི་སྨན་དོན་ཁང་དང་བོད་སྨན་ལུམས་བཅོས་ཁང་ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་། སྨན་ལུགས་མཐུན་ངང་སྤྱོད་པ། བོད་སྨན་ལུམས་བཅོས་སོགས་ཀྱི་ཁྱད་ལྡན་ཞབས་ཞུ་སྒྲུབ་པར་རིམ་རྩིས་བརྒྱབ་ན་བདེ་ཐང་ལྟ་ཞིབ་ཚད་ལེན་ཐེངས་ཁྲི་གཅིག་ལྷག་ཙམ་བྱས་ཏེ་རྒན་རྒོན་ཕྱིར་སྨན་བཅོས་བྱེད་པར་བསྐྱོད་པའི་ཁུར་པོ་ཡང་དུ་ཤུགས་ཆེན་བཏང་ཡོད། དེ་དང་ཆབས་ཅིག རིམ་དབྱེ་རིགས་དབྱེའི་ལྟ་སྐྱོང་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ཏེ་མི་རིགས་ཀྱི་བཟའ་བཏུང་གོམས་གཤིས་དང་ཟུང་འབྲེལ་གྱིས་འཚོ་བཅུད་ལྡན་པའི་ཁ་ལག་བཟོས་པ་དང་བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་བསྲུངས་ཡོད།
ས་མཐོའི་ཁྱད་ཆོས་ལ་གཞི་ཚུགས་ནས་ལྟེ་གནས་ཀྱིས་སྲོལ་རྒྱུན་གྱི་རྒན་གསོའི་རྣམ་པ་དོར་ཏེ་སྡེ་ཁུལ་ཅན་གྱི་རྒན་གསོའི་རྣམ་པ་གསར་དུ་བཏོད་ཡོད། “འཆིང་རྒྱ་མེད་པ་དང་། ཉལ་སར་མི་ལུས་པ། ཆབ་གདན་འདིང་དགོས་མེད་པ”བཅས་ཀྱི་ཚན་རིག་དང་མཐུན་པའི་ལྟ་སྐྱོང་འདུ་ཤེས་ཁྱབ་གདལ་བཏང་ནས་རྒན་རྒོན་གྱི་འཚོ་བའི་ལ་རྒྱར་སྲུང་སྐྱོང་གང་ལེགས་བྱས་པ་དང་། རྒན་རྒོན་རང་ངོས་བདག་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་ནས་རང་ངོས་དོ་དམ་དང་རོགས་རེས་མཉམ་བཅོས་བྱེད་ཐུབ་ཡོད། ས་མཐོའི་ཞིང་འབྲོག་གི་ཁྱད་ཆོས་ལ་བརྟེན་ནས“དབུ་དཀར་ཞིང་རའི”ཞིང་བཅོས་རྟེན་གཞི་བཏོད་དེ། རྒན་རྒོན་གྱི་གཟུགས་གཞིར་གཞིགས་ནས་ཚད་འབེབས་ཅན་གྱི་ཞིང་ལས་བདེ་ཐང་སླར་གསོའི་བྱེད་སྒོ་སྤེལ་ཏེ། རྒན་རྒོན་གྱི་ལུས་སེམས་བདེ་ཐང་ཡོང་བ་དང་རང་ངོས་ཀྱི་རིན་ཐང་བསྐྱར་དུ་མངོན་པར་རོགས་རམ་བྱས་པ་རེད།
གཞན་ཡང་། སྟག་རྩེ་ཆུས་ཀྱིས“སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས”བཅས་ཟུང་དུ་འབྲེལ་བའི་སྣ་མང་མཉམ་བཅོས་ཀྱི་རྒན་གསོའི་རྣམ་པ་ཧུར་ཐག་བཏོད་དེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཅེས་སེམས་ཁེ་ལས་དང་། སྤྱི་ཕན་ཚོགས་པ། དང་བླངས་སྟོབས་ཤུགས་གཅིག་འདུས་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་འོས་འགན་སྨན་བཅོས་དང་། འཚམས་འདྲི། དངོས་ཟོག་ཞལ་འདེབས་སོགས་ཀྱི་རོགས་སྐྱོར་བྱེད་སྒོ་སྤེལ་ནས་ཕྱོགས་མང་པོའི་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་གཅིག་སྡུད་བྱས་ཡོད། ཆུ་ཚོད་24ཡི་ལས་རེས་དང་། རྒྱུན་རྣམ་ཅན་གྱི་བདེ་འཇགས་སྐོར་གཡེང་། མེ་ཟོན་ནང་སྦྱོང་བཅས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་རྒན་གསོའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་བཏང་ཡོད། ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་ཀྱི་སྐར་མ་རིམ་པའི་ལས་ཁུངས་ཀྱི་ཚད་གཞིར་གཞིགས་ནས་རྩིས་ཁྲ་དོ་དམ་ཚད་ལྡན་དུ་བཏང་བ་དང་། 2026ལོའི་ཟླ་6པར་གྲོང་ཁྱེར་རིམ་པའི་སྐར་མ་རིམ་པ་བཞི་པའི་རྒན་གསོའི་སྒྲིག་གཞིའི་ཐོག་མའི་དཔྱད་འདེམས་ལམ་ལྷོངས་བྱུང་སྟེ། ཚད་ལྡན་ཅན་དང་། ཆེད་ལས་ཅན། ཁྱད་ལྡན་ཅན་བཅས་ཀྱི་གཉེར་སྐྱོང་ལ་བརྟེན་ནས་ས་མཐོའི་རྒན་གསོའི་ཞབས་ཞུ་སྤུས་ལེགས་ཀྱི་མ་དཔེ་རྒྱུན་མཐུད་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།