དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་སྨན་བཅོས་འགན་བཅོལ་ས་ཚིགས་12མང་ཚོགས་ཀྱི་སྒོ་རྩར་བཙུགས་པ།

    “སྐར་མ་15ཡི་ནང་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་ཞབས་ཞུའི་ཁུལ་དུ་འབྱོར་བ”ཁྱོན་ཡོངས་ལ་ཁྱབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-18

    “དེ་སྔ་འགན་བཅོལ་ནང་ཞུགས་པའི་སྐོར་འདྲི་བ་དང་ཡུལ་གཞན་དུ་ཐོ་འགོད་བྱེད་སྐབས་ཆེད་མངགས་སྲིད་དོན་ཚོམས་ཆེན་དུ་སྐྱོད་དགོས་ཀྱི་ཡོད། ད་ལྟ་འཆམ་འཆམ་དུ་འགྲོ་དུས་སྒོ་རྩའི་དངུལ་ཁང་ལས་ཚུགས་དང་། སྨན་ཚོང་ས། ཚོང་ལས་འགན་བཅོལ་ཀུང་སི་བཅས་སུ་དོན་དག་འདྲི་ཐུབ་ལ་སྒྲུབ་ཀྱང་ཐུབ་ཀྱི་འདུག”ཅེས་པེ་ཅིང་དཀྱིལ་ལམ་གྱི་སྨན་ཁང་ག་གེ་མོའི་སྨན་བཅོས་འགན་བཅོལ་ས་ཚིགས་སུ་འགན་བཅོལ་ནང་ཞུགས་པའི་སྐོར་འདྲི་མ་ཐག་པའི་གྲོང་མི་ཚེ་རིང་སྒྲོལ་མས་ཉེ་འགྲམ་དུ་བཙུགས་པའི་སྨན་བཅོས་འགན་བཅོལ་ཞབས་ཞུར་བསྔགས་བརྗོད་ཡང་ཡང་བྱས།

    དེ་ནི་ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གྱི་སྒྲུབ་གཉེར་ཞབས་ཞུ་གཤམ་སྤྲོད་དང་སྨན་བཅོས་འགན་བཅོལ་གྱི་ས་ཚིགས་མཉམ་སྐྲུན་བྱས་པ་ལས་བྱུང་བའི་འགྱུར་ལྡོག་མངོན་གསལ་དོད་པོ་ཞིག་རེད། ད་ཆ་ཚད་ལྡན་ཅན་གྱི་སྨན་བཅོས་འགན་བཅོལ་ས་ཚིགས་12གྲོང་ཁྱེར་རིམ་པ་དེ་གར་སྤྱོད་འགོ་ཚུགས་པ་དང་། “གྲོང་ཁུལ་དུ་སྐར་མ་15དང་ཤང་དང་གྲོང་རྡལ་དུ་སྐར་མ་30”ཡི་ནང་སྨན་བཅོས་འགན་བཅོལ་ཞབས་ཞུའི་ཁུལ་དུ་འབྱོར་ཐུབ་པས་གཞི་རིམ་གྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་དེ་བས་ཆེ་རུ་ཕྱིན་ཡོད།

    ཐག་ཉེ་ས་དང་། སྟབས་བདེ་བ། བློ་བདེ་བ་བཅས་ཀྱི་གཉེར་སྒྲུབ་ཐུབ་པ།

    གང་ཞིག་ནི་སྨན་བཅོས་འགན་བཅོལ་ས་ཚིགས་ཡིན་ནམ། དེ་ནི་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་དངུལ་ཁང་ལས་ཚུགས་དང་། དམིགས་འཛུགས་སྨན་ཁང་། མུ་འབྲེལ་སྨན་ཚོང་ཁང་། སྤྱི་ཚོགས་ཞབས་ཞུའི་རྩ་འཛུགས་སོགས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཁུལ་ལ་བརྟེན་ནས་མཉམ་དུ་བསྐྲུན་པའི་གཞི་རིམ་གྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ས་ཚིགས་ཤིག་རེད།

    ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་སྨན་བཅོས་འགན་སྲུང་ཞབས་ཞུ་དང་ཆ་འཕྲིན་ཅན་ལྟེ་གནས་ཀྱི་ལས་དོན་པ་པད་མ་ཚེ་རིང་གིས་ངོ་སྤྲོད་བྱས་པར། སྨན་བཅོས་འགན་བཅོལ་ས་ཚིགས་བསྐྲུན་པའི་ཀུན་སློང་ནི་མང་ཚོགས་ཐག་ཉེ་སར་དོན་དག་གཅོད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་བསྟུན་ནས་སྨན་བཅོས་འགན་བཅོལ་ཞབས་ཞུའི་འཁོར་འབྲེལ་སྣུར་སྲིང་བྱས་ཏེ་གཞི་རིམ་གྱི་དམངས་ཕན་ཞབས་ཞུའི་མཐའ་མའི་འགག་གནད་སེལ་ཆེད་ཡིན་པ་རེད།

    དུས་ཡུན་རིང་པོར། ཐག་རིང་ལུང་ཁུག་ཏུ་གནས་པའི་ཞིང་འབྲོག་མང་ཚོགས་དང་། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན། དེ་བཞིན་ལས་བྲེལ་ཆེ་བའི་ལས་མི་བཅས་ཀྱི་ངོས་ནས་བརྗོད་ན། སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ཞབས་ཞུའི་སྐར་ཁུང་དུ་ལས་སྒོ་གཉེར་བར་འགྲོ་སྐབས་ལམ་ཐག་རིང་བ་དང་། དུས་ཚོད་རིང་བ། ཕར་རྒྱུག་ཚུར་རྒྱུག་མང་བ་བཅས་བྱེད་དགོས་ཀྱི་ཡོད།

    སྨན་བཅོས་འགན་བཅོལ་ས་ཚིགས་ཀྱིས་འགན་བཅོལ་ནང་ཞུགས་ནས་གྲོན་དངུལ་འཇལ་སྟངས་དང་། སྲིད་ཇུས་བློ་འདྲི། གཉེར་མང་ལས་སྒོ་གཉེར་རོགས་སོགས་ཀྱི་བྱེད་ནུས་གཞི་རིམ་གྱི་ལས་ཚུགས་ལ་གཤམ་སྤྲོད་བྱས་པས། མང་ཚོགས་ཀྱིས་སྨན་བཅོས་དང་སྨན་ཉོ་བ་དང་དེ་བཞིན་དངུལ་ཁང་གི་ལས་སྒོ་གཉེར་བའི་ཞོར་དུ་ཐག་ཉེ་ས་དང་། སྟབས་བདེ་བ། བློ་བདེ་བ་བཅས་བྱུང་ཡོད།

    དམངས་ཕན་ཞབས་འདེགས“སྡེབ་གཅིག”ལ་ཞུ་བ།

    གསར་འགོད་པར་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པ་དེ་གའི་སྨན་བཅོས་འགན་བཅོལ་ས་ཚིགས་12བསྐྲུན་ཟིན་པ་དེ་དག་ཁྲེང་ཀོན་ཆུས་དང་། སྣེའུ་ཁུལ་གསར། དཔལ་འབྱོར་གསར་སྤེལ་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་མཉམ་ལས་དངུལ་ཁང་ལས་ཚུགས་དང་། དམིགས་འཛུགས་སྨན་ཁང་ཆེ་གྲས། སྨན་ཚོང་ས་བཅས་སུ་ཁྱབ་ནས་དམངས་ལ་སྟབས་བདེ་བསྐྲུན་ཡོད།

    འོ་ན། འགན་བཅོལ་ནང་ཞུགས་པའི་མང་ཚོགས་ཀྱིས་སྨན་བཅོས་འགན་བཅོལ་ས་ཚིགས་སུ་དོན་དག་གང་དག་སྒྲུབ་ཐུབ་བམ། ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་འགན་བཅོལ་ས་ཚིགས་ཀྱིས་སྲིད་ཇུས་ལ་འགྲེལ་བཤད་དང་། འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་སྟངས། འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་བློ་འདྲི། སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ནུས་སྐུལ། ཡུལ་གཞན་དུ་སྨན་བཅོས་ཐོ་འགོད་ཚབ་སྒྲུབ། གཉེན་ཉེའི་རྩིས་ཐེམ་འབྲེལ་མཐུད། སྒོ་བསྟེན་སྨན་བཅོས་ཀྱི་མཉམ་སྒྲུབ་གཉེར་རོགས། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ཞིང་ཆེན་བརྒལ་ནས་གཉེར་བ་སོགས་དམངས་ཕན་ཞབས་འདེགས“སྡེབ་གཅིག”ལ་ཞུ་ཡི་ཡོད།

    གཉེར་སྒྲུབ་ཆོག་པའི་དོན་དག་གི་གསལ་ཐོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།

    ཞིང་ལས་དངུལ་ཁང་སྣེའུ་ཉིང་ལག་དངུལ་ཁང་གི་ལས་གཉེར་ཁང་གི་སྨན་བཅོས་འགན་བཅོལ་ས་ཚིགས་ཀྱི་ཉེ་འགྲམ་དུ་བསྡད་ཡོད་པའི་བགྲེས་སོང་ལྷ་མོས་ཐོབ་ཐང་ལག་ཁྱེར་ཁྱེར་ནས་བློ་འདྲི་བྱེད་པར་ཡོང་བ་རེད། ཉེ་ཆར་ཁོང་གིས་ཁྱིམ་མཚེས་ཀྱིས“ཡུལ་གཞན་དུ་སྨན་བཅོས་ཐོ་འགོད”སྐོར་གླེང་བ་ཐོས་པ་དང་། རང་ཉིད་ཀྱང་མི་འགྱང་བར་ཁྲེང་ཏུར་བུ་མོར་ལྟ་བར་འགྲོ་རྩིས་ཡོད་པས། སེམས་ལ་གལ་སྲིད་དེ་གར་སྨན་པ་བསྟེན་ན་སྨན་བཅོས་འགན་བཅོལ་གཱ་བེད་སྤྱོད་ཐུབ་མིན་དང་ཕྱིར་ལོག་ནས་སྨན་རིན་རྩིས་ཞུ་ཇི་ལྟར་བྱེད་དགོས་སྙམ་ནས་སོམ་ཉིས་ཁེངས།

    ས་ཚིགས་ཀྱི་ལས་དོན་པས་ཁོང་མཐོང་མ་ཐག་ལམ་སེང་རྐུབ་སྟེགས་སུ་སྡོད་དུ་བཅུག་པ་དང་བོད་སྐད་ཀྱི་ཐོག་ནས་གནས་ཚུལ་འདྲི་ཞོར་ཁོང་གི་ལག་ཐོགས་ཁ་པར་བརྒྱུད་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུ་ལས་སྟེགས་APPཕབ་ལེན་བྱས་ཏེ་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་འདྲི་རོགས་བྱས་པ་རེད། “རྨོ་བོ་ལགས། ཁྱེད་རང་འགན་བཅོལ་ནང་ཞུགས་པའི་གནས་ཚུལ་ལ་སྐྱོན་མི་འདུག ཁྱེད་རང་ཁྲེང་ཏུའུ་ལ་མ་ཕེབས་གོང་། ང་ཚོས་ཁྱེད་རང་ལ་ཡུལ་གཞན་དུ་སྨན་བཅོས་ཐོ་འགོད་ཅིག་བྱེད་རོགས་བྱས་ན་ཆོག དེ་རྗེས་ཕ་གིར་སླེབས་དུས་སྨན་པ་བསྟེན་པར་ཕྱིན་ན་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་ལ། རང་ཉིད་ཀྱིས་དངུལ་སྔོན་ལ་སྤྲད་རྗེས་ཕྱིར་ལོག་ནས་རྩིས་ཞུ་བྱེད་པ་དེ་འདྲ་བྱེད་དགོས་ཀྱི་མེད”ཅེས་ལས་དོན་པས་ལག་ཐོགས་ཁ་པར་ནས་བགྲེས་སོང་ལྷ་མོར་སྒྲུབ་རོགས་བྱས་པ་རེད།

    རྒྱུན་གཏན་གྱི་ཞབས་ཞུ་སྒྲུབ་རིང་། དྲོ་སྐྱིད་ལྡན་པའི་དོན་དག་རེ་རེ་གཞི་རིམ་ཞབས་ཞུའི་གསོན་ཉམས་ལྡན་པའི་ལག་ལེན་དུ་མངོན་ཡོད། ལོ་ན་མཐོ་བའི་ཁེར་སྡོད་རྒན་རྒོན་ཁག་གཅིག་གིས་ལག་ཐོགས་ཁ་པར་སྤྱོད་མི་ཤེས་པ་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་ནུས་སྐུལ་མི་ཤེས་པའི་གནས་ཚུལ་ལ་དམིགས་ནས། ས་ཚིགས་ཀྱི་ལས་དོན་པས་རང་འགུལ་ངང་སྒོ་རྩར་ཞབས་འདེགས་ཞུས་པ་དང་སྨན་བཅོས་འགན་བཅོལ་གྱི་རྩིས་ཁྲ་བཟོ་རོགས་བྱས་ནས་རྒན་རྒོན་ལ་སེམས་ཁུར་ཚོར་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།