མངའ་རིས་ས་ཁུལ་སྒེར་རྩེ་རྫོང་འོ་མ་ཤང་སྤུན་གསུམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།
དམངས་ཆེད་ལས་དོན་སྒྲུབ། དམངས་ལ་དྲོ་སྐྱིད་སྦྱིན།
དོན་ཆོས་རང་ཉིད་གཅིག་པུར་འཚོ་བ་བསྐྱལ་ནས་སྡོད་པ་མ་ཟད། སེམས་པའང་ཐང་ཐང་མེད་ལ་སྨན་པ་བསྟེན་བདེ་པོ་མེད་པས། གྲོང་སྡོད་ལས་དོན་རུ་མི་ཚོས་ཐོག་མཐའ་བར་གསུམ་དུ་ཁོང་གི་གཟུགས་པོའི་བདེ་ཐང་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དོན་ཆོས་ཀྱི་གཟུགས་པོའི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་ཁོང་གི་གཟུགས་པོ་བདེ་ཐང་ཡོང་བར་འགན་སྲུང་ཏན་ཏིག་བྱ་ཆེད། སྒེར་རྩེ་རྫོང་འོ་མ་ཤང་སྤུན་གསུམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་བཅོ་ལྔ་པས་རང་འགུལ་ངང་འགན་འཁྲི་ཁུར་ཏེ་དོན་ཆོས་དང་མཉམ་དུ་སྒེར་རྩེ་རྫོང་མི་དམངས་སྨན་ཁང་དུ་ཆེད་མངགས་གཟུགས་པོ་བརྟག་དཔྱད་བྱེད་པར་བསྐྱོད། སྨན་ཁང་དུ་ཨང་ཀི་བཀག་པ་དང་། སྨན་རིན་སྐྱེལ་བ། རུ་སྒྲིག་པ་བཅས་ནས་གཟུགས་པོའི་སྟོན་གྲངས་ཁག་ལ་བརྟག་དཔྱད་བྱེད་པའི་བར་རུ་མི་ཚོས་བརྒྱུད་རིམ་ཧྲིལ་པོར་རོགས་རམ་བྱས་ཡོད། བརྟག་དཔྱད་ཚར་རྗེས། རུ་མི་ཚོས་སྨན་པའི་ནད་བརྟག་སྨན་བཅོས་ཀྱི་གྲོས་འགོ་ནན་ཏན་དྲིས་པ་དང་འབྲེལ། སྨན་སྤྱོད་ཚད་གཞི་སོགས་དོ་སྣང་བྱེད་དགོས་པའི་དོན་ཚན་ཐོ་འགོད་ཞིབ་ཕྲ་བྱས་པ་མ་ཟད། ད་དུང་དོན་ཆོས་ལ་གཟུགས་པོར་བདག་གཅེས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་ཡང་བྱས་པས། ཁོང་ལ་གཉེན་ཉེ་ལྟ་བུའི་དྲོ་སྐྱིད་དང་སེམས་ཁུར་དངོས་འབྲེལ་ཚོར་ཐུབ་པ་བྱུང་ཡོད།
དོན་ཆོས་ཀྱི་གནས་ཚུལ་དེ་ལྟ་བུ་སྤུན་གསུམ་གྲོང་ཚོར་མང་པོ་ཡོད་ལ། གྲོང་སྡོད་ལས་དོན་རུ་ཁག་གིས་དོན་ཆོས་དང་འདྲ་བར་གྲོང་ཚོའི་མང་ཚོགས་ཚང་མར་ཐུགས་ཁུར་བྱེད་ཀྱི་ཡོད། བཅའ་སྡོད་བྱས་ཚུན། རུ་མི་ཡོངས་ཀྱིས་སེམས་རྣལ་ལ་ཕབ་པ་དང་མང་ཚོགས་ཁྲོད་བསྐྱོད་དེ་གྲོང་སྡོད་ལས་གནས་དེ་ཉིད་མང་ཚོགས་ལ་ཞབས་འདེགས་ཞུ་སའི“འཐབ་ས་གཙོ་བོར”བརྩིས་ནས། སྙིང་ཉེའི་ཞབས་ཞུར་བརྟེན་ཏེ་དམངས་འཚོའི་ཞན་ཆ་སེལ་བ་དང་། གནད་སྨིན་རོགས་སྐྱོར་ལ་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཏེ། དངོས་སྒྲུབ་ཀྱི་དོན་ཆུང་མང་པོར་བརྟེན་ནས་ཏང་གི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་གྲུབ་འབྲས་ཐོབ་པར་བྱས་ཡོད།
“ཉིན་བརྒྱ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པའི་བརྟག་ཞིབ་ཆེ་མོའི”བཅར་འདྲི་བྱེད་རིང་། གྲོང་སྡོད་ལས་དོན་རུ་ཁག་གིས་ཡུལ་མི་དངོས་གྲུབ་དབང་པོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་ངལ་ནུས་ཤོར་བ་དང་ལོ་འཁོར་མོར་ཡོང་འབབ་བརྟན་པོ་མེད་པ་ཤེས་རྟོགས་བྱུང་ཞིང་། དངོས་གྲུབ་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་དམངས་སྲིད་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་རེ་ཞུའི་འགྲོ་ལུགས་ཁག་གི་བརྒྱུད་རིམ་ཧྲིལ་པོ་ཚབ་སྒྲུབ་བྱས་པ་དང་། དངོས་གྲུབ་དང་མཉམ་དུ་སྨན་བཅོས་སྒྲིག་གཞིར་གསོ་རིག་རིམ་པའི་གསལ་འབྱེད་ཐེངས་མང་བྱེད་པར་བསྐྱོད་ཡོད། ཞིབ་དཔྱད་གཏན་འཁེལ་ནན་པོ་བྱས་པ་བརྒྱུད། དངོས་གྲུབ་རྐང་ལག་སྐྱོན་ཅན་རིམ་པ་གསུམ་པར་གཏན་འཁེལ་བྱས་ནས་དབང་པོ་སྐྱོན་ཅན་གྱི་ཆེད་དོན་འགན་སྲུང་མ་ལག་ནང་བཅུག དུས་དེ་ནས་བཟུང་དངོས་གྲུབ་ལ་གཏན་འབེབས་ལྟར་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ཁ་གསབ་དང་རོགས་སྐྱོར་སོགས་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
བྱ་བ་དངོས་རེ་རེ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་དངོས་རེ་རེ་ལས་མི་སེམས་ལ་དྲོ་སྐྱིད་སྦྱིན་ཞིང་། སྤུན་གསུམ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འབྲོག་ཁུལ་དུ་གཞི་ཚུགས་ཏེ་ལྷག་བསམ་རྣམ་དག་ངང་དམངས་སེམས་ཐོབ་ཐབས་བྱེད་པ་དང་། འབྲོག་པར་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དམངས་ཆེད་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།