ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཁྲ་འདམ་ཤང་གིས།
“ཁྱིམ་གྱི་སྒོ་རྩ་ནས་གནམ་བདེ་སྒོ་མོ་ཆེའི་མདུན་དུ་པར་རྒྱག་པའི”བྱེད་སྒོ་སྤེལ་ནས་བདེ་སྐྱིད་ཀྱི་འཛུམ་མདངས་པར་དུ་བླངས་པ།

འདི་ནི“ཁྱིམ་གྱི་སྒོ་རྩ་ནས་གནམ་བདེ་སྒོ་མོ་ཆེའི་མདུན་དུ་པར་རྒྱག་པའི”བྱེད་སྒོའི་ནང་མང་ཚོགས་ཀྱིས་གཟབ་མཆོར་ལེགས་པར་སྤྲས་ཏེ་པར་རྒྱག་བཞིན་ཡོད་པ།
ཉེ་དུས་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཁྲ་འདམ་ཤང་གིས“འདྲ་པར་ལ་བརྟེན་ནས་དྲོ་སྐྱིད་སྦྱིན་པ་དང་བར་ཐག་མེད་པའི་སྒོ་ནས་ཞབས་འདེགས་ཞུ་བའི”སྤྱི་ཕན་བརྙན་པར་གྱི་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་སྤེལ་ཞིང་། གནམ་བདེ་སྒོ་མོ་ཆེའི་རྒྱབ་ལྗོངས་བཟོས་ནས་དུད་ཚང་དུ་འདྲ་པར་རྒྱག་པར་སྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། དམངས་ཕན་ཞབས་ཞུ་དང་། དྲོ་སྐྱིད་ལྡན་པའི་ཐུགས་ཁུར། རྒྱལ་གཅེས་བརྩེ་སེམས་བཅས་རྩྭ་ཐང་དུ་སྤེལ་ཏེ་འབྲོག་པ་ཚོར་སྒོ་རྩ་ནས་སྐྱིད་སྣང་དང་ཐོབ་སྣང་ཟབ་མོ་ཚོར་བར་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཁྲ་འདམ་ཤང་གི་འབྲོག་པ་ཚོ་ཁ་ཐོར་དུ་གནས་ཤིང་ཕྱིར་སྐྱོད་པར་ལམ་ཐག་རིང་པོ་ཡོད། དུས་འགོའི་ལས་དོན་སྤེལ་རིང་། ཁྲ་འདམ་ཤང་གི་རིག་གནས་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་ལོ་ན་མཐོ་བའི་རྒན་རྒོན་དང་བྱིས་པ་ཁག་གཅིག་ཕྱིར་སྐྱོད་དཀའ་བ་དང་རྒྱུན་གཏན་གྱི་ལས་དོན་སྒྲུབ་སྐབས་མཁོ་བའི་ལག་ཁྱེར་གྱི་པར་མེད་པ་དང་། འབྲོག་ཁུལ་གྱི་ཁྱིམ་ཚང་མང་ཆེ་བར་ཁྱིམ་མི་མཉམ་འཛོམས་དང་འཚོ་བ་དངོས་མཚོན་གྱི་འདྲ་པར་རྒྱག་པའི་གོ་སྐབས་ཉུང་ཉུང་ཡིན་པ་ཤེས་རྟོགས་བྱུང་ཞིང་། ཉར་ཚགས་ཐུབ་པའི་འདྲ་པར་དང་བདེ་སྐྱིད་ལྡན་པའི་སྐད་ཅིག་མ་པར་དུ་ལེན་རྒྱུ་ནི་འབྲོག་ཁུལ་མང་ཚོགས་ཀྱི་སེམས་གཏིང་གི་བསམ་འདུན་ཆུང་ཆུང་ཞིག་ཏུ་གྱུར་ཡོད།
མང་ཚོགས་ལ་དགོས་མཁོ་ཡོད་ན་ཞབས་འདེགས་ལོས་ཞུ་དགོས། ཁྲ་འདམ་ཤང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་རང་འགུལ་ངང་འབྲོག་པའི་ཁྱིམ་དུ་བསྐྱོད་ནས་རིན་མེད་ཀྱི་པར་རྒྱག་པའི་ཞབས་ཞུ་བསྒྲུབས་པ་རེད། ཁོང་ཚོས་པར་ཆས་སོགས་ཁྱེར་ནས་འབྲོག་པ་མང་ཚོགས་རེ་རེའི་ཁྱིམ་དུ་བསྐྱོད་ནས་རྒན་རྒོན་དང་བྱིས་པར་ལག་ཁྱེར་གྱི་པར་དང་ཁྱིམ་མི་མཉམ་འཛོམས་ཀྱི་པར་བརྒྱབ་པ་མ་ཟད། ས་ཆ་དེ་རང་དུ་པར་བཀྲུས་ནས་སྤྲད་དེ་འབྲོག་པ་ཚོའི“པར་རྒྱག་དཀའ་བ་དང་ཐག་རིང་དུ་བཀྲུ་བར་འགྲོ་བའི”དཀའ་གནད་ཐག་གཅོད་བྱེད་པའི་སྙིང་ཉེ་བའི་ཞབས་འདེགས་ཞུ་བར་བརྟེན་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་ཡོད།
ཞབས་ཞུའི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་མང་ཚོགས་ཀྱི་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་གཏོང་ཆེད། ཁྲ་འདམ་ཤང་རིག་གནས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱིས་གུང་གསེང་དང་ངལ་གསོའི་དུས་ཚོད་སྤྱད་དེ་རྒྱབ་ལྗོངས་དང་། པར་ཆས། པར་འཁྲུད་ཆས་བཅས་གྲ་སྒྲིག་ཨང་བསར་བྱས་ནས“ཁྱིམ་གྱི་སྒོ་རྩ་ནས་གནམ་བདེ་སྒོ་མོ་ཆེའི་མདུན་དུ་པར་རྒྱག་པའི”བྱེད་སྒོ་གསར་གཏོད་ངང་སྤེལ་ནས་ལེ་དབར་སྟོང་གི་ཆོད་པའི་གནམ་བདེ་སྒོ་མོ་ཆེ་འབྲོག་ཁུལ་ནས་མཐོང་ཐུབ་པར་བྱས་པས། སྙིང་ཉེ་བའི་ཕྲུ་གུ་ཚོས་གནམ་བདེ་སྒོ་མོའི་རྒྱབ་ལྗོངས་མཐོང་མ་ཐག་དགའ་འབོད་ཡང་ཡང་བྱེད་ཀྱི་ཡོད།
དུད་ཚང་དུ་བསྐྱོད་པ་ནས“ཁྱིམ་གྱི་སྒོ་རྩ་ནས་གནམ་བདེ་སྒོ་མོ་ཆེའི་མདུན་དུ་པར་རྒྱག་པའི”བར། པར་རྒྱག་གི་ཞབས་ཞུར་བརྟེན་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་གོང་བུ་གཅིག་འགྲིལ་དང་ཏང་གཅེས་རྒྱལ་གཅེས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།