བོད་སྐྱོར་བརྩེ་བ་མཚོ་ལས་ཟབ། གོས་དཀར་ལྷ་རྗེས་ནད་གདུང་སེལ།
—— ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཀྱི་སྨན་བཅོས་བོད་སྐྱོར་གྱིས་ལྷོ་ཁའི་མང་ཚོགས་ཀྱི་བདེ་ཐང་སྲུང་བའི་སྐོར་བཀོད་པ།

ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཁྲང་ཏེ་ཚོགས་ཆུང་གི་བོད་སྐྱོར་སྨན་པ་ཝང་ཕིང་གིས་ཕྲུ་གུར་Xགློག་པར་རྒྱག་བཞིན་པ།

ཧུའུ་པེ་ཞིང་ཆེན་ཀྲུང་ལུགས་ཕྱི་ལུགས་ཟུང་འབྲེལ་སྨན་ཁང་གི་བོད་སྐྱོར་སྨན་པ་ལིའུ་མེའོ་མེའོ(གཡོན་གྱི་གཉིས་པ)ཡིས་ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་ཀྲུང་ལུགས་གསོ་རིག་ཚན་ཁག་གི་ལས་རོགས་ཚོ་དང་མཉམ་དུ་བྱུག་སྨན་བཟོ་བཞིན་པ།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དང་། ཆུ་གསུམ། སྣ་དཀར་རྩེ། ཟངས་རི་བཅས་རྫོང་4རུ། ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཀྱི་བོད་སྐྱོར་སྨན་བཅོས་རུ་ཁག་གི་རུ་མིས་ནད་ཁང་དང་བརྟག་དཔྱད་ཁང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་། ཐག་རིང་ནས་བསྐུར་ཡོང་བའི་དྲ་ཐོག་གི་ནད་བརྟག་རེ་ཞུར་ལན་སློག་གི་ཡོད། ཁོང་ཚོས་འཁྱེར་ཡོང་བ་ནི་གཤགས་བཅོས་དང་སྒྲིག་ཆས་ཙམ་མ་ཟད། ས་མཐོར་འཇོག་ཐུབ་པ་དང་རྒྱུན་མཐུད་འཁོར་རྒྱུག་ཐུབ་པའི་མཉམ་ལས་ལམ་སྲོལ་ཞིག་དེ་བས་ཀྱང་རེད།
སྨན་བཅོས་བོད་སྐྱོར་གྱིས་ཇི་ལྟར་བྱས་ན་གཞི་རྩར་ཕན་ཐོགས་སམ།
དེར་ས་གནས་3གྱི་བོད་སྐྱོར་མི་སྣས་ལན་བཏབ་པ་སྟེ། འབྲེལ་མཐུད་དང་། ཞན་ཆ་སེལ་བ། མི་སྣ་འཇོག་པ་བཅས་རེད།
དྲ་ཐོག་ནད་བརྟག་ཁང་གིས་བར་ཐག་ཉེ་རུ་བཏང་བ།
ལྷུན་རྩེ་རྫོང་མི་དམངས་སྨན་ཁང་གློག་པར་ཚན་ཁག་གི་སྨན་པ་ཝང་ཕིང་ནི་ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཁྲང་ཏེ་ཚོགས་ཆུང་གི་ཁོངས་མི་ཡིན་ཞིང་། ལྷུན་རྩེ་རྫོང་དུ་ལོ་4མ་ཟིན་ཙམ་ལས་ཀ་བྱེད་མྱོང་ཡོད། ཁོང་གིས་སྣེ་ཁྲིད་དེ་བཙུགས་པའི་ཆུ་ཚོད་24རིང་གི་རྫོང་ཁོངས་གློག་པར་ནད་བརྟག་སྐད་འཕྲིན་ཚོགས་པའི་ནང་དུ་རྫོང་སྨན་ཁང་དང་ཐག་རིང་ལུང་ཁུག་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་པའང་འཐེན་པས། སྐད་འཕྲིན་ཚོགས་པ་དེ་ནི་དྲ་ཐོག་གི་ནད་བརྟག་ཁང་ལྟ་བུར་གྱུར་ཡོད།
དྲ་ཐོག་ནད་བརྟག་ཁང་དེ་བཙུགས་རྗེས། ཤང་དང་གྲོང་རྡལ་གྱི་སྨན་པས་གསལ་པོ་མ་ཤེས་པའི་གློག་པར་དེའི་ནང་བསྐུར་ནས་ཝང་ཕིང་གིས་དོགས་གནད་སེལ་བ་དང་མཉམ་དུ་ནད་དཔྱད་བྱེད་ཀྱི་ཡོད། བོད་རིགས་ཨ་མ་རྒན་མོ་ཞིག་གིས་DRགློག་པར་བརྒྱབ་རྗེས“དེ་སྔ་གློག་པར་རྒྱག་པར་ཐག་རིང་པོར་འགྲོ་དགོས་མོད། འོན་ཀྱང་ད་ཆ་ཁྱིམ་གྱི་སྒོ་རྩར་འཕྲོད་བསྟེན་ཁང་ནས་རྒྱག་ཐུབ་ཀྱི་འདུག”ཅེས་བཤད།
དྲ་ཐོག་གི་མཉམ་ལས་བྱེད་ས་ལྷུན་རྩེ་རྫོང་ཁོ་ནར་མ་ཡིན་པར། ད་ལོའི་ཟླ་5པར། ཧུའུ་པེ་ཞིང་ཆེན་ཧོང་ཧྲེ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཆུ་གསུམ་རྫོང་དང་རྒྱང་བསྟེན་གློག་པར་གྱི་མཉམ་ལས་གྲོས་མཐུན་བཞག་ནས་རིན་པ་མི་དགོས་པར་རྒྱང་བསྟེན་གློག་པར་བརྟག་དཔྱད་དང་ལག་རྩལ་ལ་མཛུབ་ཁྲིད་བྱས་པ་དང་། སྣ་དཀར་རྩེ་རྫོང་དུ། ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་སྣ་དཀར་རྩེ་སྨན་བཅོས་ཚོགས་པས་ཨན་ཧུའེ་དང་བོད་ཀྱི་རྒྱང་བསྟེན་ནད་དཔྱད་ལྟེ་གནས་བསྐྲུན་ཏེ། དྲ་ཐོག་ཏུ་རིག་ཚན་མང་པོའི་ནད་བརྟག་སྨན་བཅོས་ཀྱི་བགྲོད་ལམ་བཏོད་ནས་ནད་གཞི་ལྕི་བའི་ནད་པ་སྨན་ཁང་སྒྱུར་བའི་ལས་དོན་ཚད་ལྡན་དུ་བཏང་ཡོད།
དྲ་རྒྱ་གཅིག་ལས་རྫོང་དང་ཤང་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ལྗོངས་ཕྱིའི་སྨན་ཁང་དང་འབྲེལ་མཐུད་ཐུབ་ཅིང་། ལྷོ་ཁའི་རྒྱ་ཆེའི་མང་ཚོགས་ཚོས་དེ་སྔ་ལ་བརྒྱབ་ཀླུང་བརྒལ་བྱས་ནས་སྐྱོད་དགོས་པའི་ས་ཆ་དག་ད་ཆ་དྲ་རྒྱ་བརྒྱུད་བར་ཐག་ཉེ་རུ་སོང་ཡོད།
གཤགས་བཅོས་ཆ་རྐྱེན་གྱི་ཞན་ཆ་བསལ་བ།
རྒྱང་བསྟེན་སྨན་བཅོས་ལས་བར་ཐག་རིང་བའི་དཀའ་གནད་བསལ་བ་དང་གཤགས་བཅོས་ཆ་རྐྱེན་གྱི་ཞན་ཆ་བསལ་ཡོད།
ཟླ་7པར། ལོ་70ལྷག་ཙམ་ལ་སླེབས་པའི་རྒན་རྒོན་ཞིག་ཛ་དྲག་ངང་ཆུ་གསུམ་རྫོང་མི་དམངས་སྨན་ཁང་གི་ཕོ་ཤེལ་ཁང་དུ་བསྐྱལ་ཞིང་། ནད་པའི་ཕོ་ཁ་གས་ནས་ཁྲག་དོན་པ་དང་། བཙོག་པ་ནག་པོ་ཡིན་པ་མ་ཟད། ཉིན་གང་ཁྲག་བསྐྱུགས་བཞིན་ཡོད། ཧུའུ་པེ་ཞིང་ཆེན་ཧོང་ཧྲེ་གྲོང་ཁྱེར་ལྟེ་བའི་སྨན་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན་ཝང་ཅིང་དང་ཆུ་གསུམ་རྫོང་མི་དམངས་སྨན་ཁང་ཕྱོགས་བསྡུས་ཁོག་ནད་ཚན་ཁག་གི་སྨན་རམས་པ་གཞོན་པ་ཀུན་བཟང་ཆོས་སྒྲོན་གྱིས་འཕྲལ་མར་བརྟག་དཔྱད་བྱས་ནས་འཕྲལ་བཅོས་ཕོ་ཤེལ་གྱི་ཁྲག་འགོག་ཐབས་བྱས་པ་རེད། ཕོ་ཁའི་འོག་གི་རིང་ཚད་ལི་སྨི་2ཙམ་གྱི་རྨ་ཁ་ནས་ད་དུང་ཁྲག་དོན་གྱི་ཡོད་པས། ཝང་ཅིང་གིས་ཁྲག་འགོག་འཇབ་རྩེ་གཉིས་བླུགས་ནས་རྨ་ཁའི་ཁྲག་བཀག་པ་རེད། འདི་ནི་ཆུ་གསུམ་རྫོང་གི་ན་ཚ་མེད་པའི་ཕོ་ཤེལ་གྱི་ཕོ་ཁ་འོག་མའི་ཁྲག་དོན་ནང་ཤེལ་སྨན་བཅོས་ཀྱི་གཤགས་བཅོས་ཐོག་མ་དེ་རེད།
ས་བབ་སྨི་4500ཡོད་པའི་སྣ་དཀར་རྩེ་རྫོང་དུ་སྔོན་ཆད་རང་ཚུགས་ཀྱི་རུས་ནད་ཚན་ཁག་གི་ནད་ཁུལ་མེད་པས་རུས་ནད་ཕོག་པའི་ནད་པ་རྟག་ཏུ་ཐག་རིང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད། ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་སྣ་དཀར་རྩེ་སྨན་བཅོས་ཚོགས་པས་ཡུལ་དེའི་སྨན་ཁང་དང་མཉམ་དུ་སྒུལ་བདེའི་ཆེད་ཚན་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་བོད་སྐྱོར་མཉམ་ལས་ཀྱི་རྒྱབ་སྐྱོར་འོག་རང་ཚུགས་ཀྱི་རུས་ནད་ཚན་ཁག་གི་ནད་ཁུལ་བཙུགས་ཏེ། མཛུབ་མོ་ཆད་པ་སླར་ཡང་མཐུད་པ་དང་རུས་སྐྲན་འགོག་པ་སོགས་རྫོང་ཁོངས་ཀྱི་གཤགས་བཅོས་ཐེངས་དང་པོ་སྔ་རྗེས་སུ་ལེགས་གྲུབ་བྱས་པ་རེད།
གཤགས་བཅོས་རེ་རེ་བཞིན་གྱིས་རྫོང་ཁོངས་སྨན་བཅོས་ཀྱི་ཞན་ཆ་རེ་རེ་བཞིན་བསལ་བ་དང་། ཡུལ་དེ་གར་བཞག་པ་ནི་སྨན་བཅོས་ལག་རྩལ་ཙམ་མིན་པར་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་རྩར་ནད་ལྟ་ཐུབ་པའི་གདེང་ཚོད་དེ་བས་ཀྱང་རེད།
དཔུང་ཁག་ཅིག་གིས་ལག་རྩལ་བསླབས་པ།
ཝང་ཕིང་གི་ལྷུན་རྩེ་རྫོང་དུ་ལས་འགན་འཁུར་ཡུན་ཐིམ་ཞིང་། ཁོང་གིས་དྲ་ཐོག་གི་ནད་དཔྱད་བྱེད་ཐེངས་ཚང་མ་སློབ་ཁྲིད་ཀྱི་ནང་དོན་དུ་བསྒྱུར་བ་དང་ནད་དཔེ་གྲོས་བསྡུར་བྱ་རྒྱུ་དེ་རྒྱུན་གཏན་གྱི་བརྙན་པར་དཔྱད་གཞིའི་ནང་བཅུག་ནས་ས་མཐོའི་བྲང་ཁོག་དང་ཀེང་རུས་ཀྱི་མ་ལག་ལ་ཐོན་མང་བའི་ནད་དང་ཟུང་འབྲེལ་བྱས་ཏེ་ནད་བརྟག་བསམ་འཆར་བཏོན་པ་མ་ཟད་གཞི་རིམ་གྱི་སྨན་པར་ནད་བརྟག་གི་བསམ་ཕྱོགས་དང་གློག་པར་རྒྱག་རྩལ་ཞིབ་ཕྲ་བསླབས་ཡོད། ཁོང་གིས་ཐག་རིང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་བསྐྱོད་དེ་གློག་པར་ལྟ་སྟངས་དང་། ནད་དཔེ་བགྲོ་གླེང་། ས་གནས་ས་ཐོག་ཏུ་དཔེ་སྟོན་སློབ་ཁྲིད་བཅས་ཆད་ལུས་མེད་པར་བྱས་པ་རེད། ཝང་ཕིང་གིས“སྒྲིག་ཆས་སྔོན་ཐོན་ཡིན་ཡང་བེད་སྤྱོད་མི་ཐུབ་ཚེ་སྙིང་པོ་གང་ཡང་མེད། ལག་རྩལ་ཇི་ཙམ་ཡག་རུང་རང་སའི་ཤེས་ལྡན་པས་རྒྱུན་འཛིན་མ་ཐུབ་ཚེ་ཕན་ཆེན་པོ་མི་ཐོགས”ཞེས་བཤད། ཁོང་གིས་ཆ་སྒྲིག་ནས་བརྒྱུད་རོགས་ཁྲིད་གསུམ་བྱས་པའི་དགེ་ཕྲུག་བློ་བརྟན་ད་ཆ་ལྷུན་རྩེ་རྫོང་མི་དམིངས་སྨན་ཁང་གི་གློག་པར་ཁོའོ་ཡི་ཀྲུའུ་རེན་དུ་གྱུར་ཡོད། བློ་བརྟན་གྱིས“དེ་སྔ་ཟླ་བ་གཅིག་ལ་CTགློག་པར་རྒྱག་མཁན་མི་ཐེངས་200ཡས་མས་ལས་མེད། ད་ཆ་ཟླ་བ་གཅིག་ལ་མི་ཐེངས་450ཙམ་ཟིན་གྱི་འདུག རྒན་ཝང་ལགས་ཀྱི་མཛུབ་ཁྲིད་འོག་ཚན་ཁག་གིས་CTརྒྱག་སྟངས་དང་ནད་ངོ་འཛིན་སྟངས་རང་རྐྱ་འཕེར་གྱི་ཡོད”ཅེས་བཤད།
སྣ་དཀར་རྩེ་རྫོང་དུ་ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་སྣ་དཀར་རྩེ་སྨན་བཅོས་ཚོགས་པས་དགེ་ཕྲུག་ལ་ལག་རྩལ་སློབ་པ་དེ་ཕྱོགས་མང་པོ་དང་ཟུང་འབྲེལ་བྱས་ཡོད་པ་སྟེ། རིགས་པའི་གཞུང་ལུགས་སློབ་ཁྲིད་དང་། གློག་པར་ལ་ཞིབ་འཇུག་གྲོས་བསྡུར། གཤགས་བཅོས་མ་བྱས་གོང་གི་གྲོས་བསྡུར། གཤགས་བཅོས་བྱེད་རིང་གི་དཔེ་སྟོན་སློབ་ཁྲིད། གཤགས་བཅོས་རྗེས་ཀྱི་ཕྱོགས་སྡོམ། སྐབས་བསྟུན་འདྲི་ཞིབ་དོ་དམ་བཅས་བྱས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་བྱེད་ཀྱི་ཡོད། རྫོང་ཁོངས་སུ་གསོ་སྐྱོང་བྱས་པའི་རུས་ནད་ཚན་ཁག་གི་ཆེད་བསྐོས་སྨན་པས་དགེ་རྒན་དང་མཉམ་དུ་དཀའ་ཚད་རིམ་པ་གསུམ་པ་བཞི་པའི་རུས་ནད་གཤགས་བཅོས་ཐེངས་མང་བྱས་ཡོད། རྫོང་ཡོངས་ཀྱི་གྲོང་གསེབ་སྨན་དོན་པ་སྐོར་སྦྱོང་བྱེད་ཚད་ཕྱོགས་ཡོངས་ལ་ཁྱབ་པ་མ་ཟད། ཨན་ཧུའེ་ཞིང་ཆེན་ལུའུ་ཨན་གྲོང་ཁྱེར་མི་དམངས་སྨན་ཁང་བཞི་པས་2026ལོར་བོད་ཀྱི་གཞི་རིམ་སྨན་དོན་པ་ཨན་ཧུའེ་རུ་ཟབ་སྦྱོང་ལ་ཁྲིད་ནས“སྨན་ཁང་ནང་དངོས་སྦྱོང་དང་། ཕྱིར་སྐྱོད་ནས་ཟབ་སྦྱོང་། རྒྱང་བསྟེན་སློབ་ཁྲིད། དཔྱད་ཞིབ་ཀྱིས་སློབ་སྦྱོང་ལ་སྐུལ་འདེད”བཅས་ཀྱི་གསོ་སྐྱོང་འཁོར་འབྲེལ་ཞིག་བསྐྲུན་ཡོད།
བོད་སྐྱོར་སྨན་པ་ཁག་ཐེངས་རེ་རེ་བརྗེ་རེས་བྱས་ཤིང་། ཝང་ཕིང་གི་ལས་འགན་འཁུར་ཡུན་ཡང་ཐིམ་གྲབས་ཡོད། འོན་ཀྱང་ཁོང་གིས་བཙུགས་པའི“དྲ་ཐོག་ནད་བརྟག་ཁང”ནམ་ཡང་སྒོ་རྒྱག་མི་སྲིད། ལམ་ལུགས་དང་། དཔུང་ཁག རྒྱང་བསྟེན་བཅས་ཀྱི་སྦྲེལ་མཐུད་ཡོད་ཚེ་འབྲི་ཆུའི་ངོགས་དང་ཡར་ཀླུང་གཙང་པོའི་ངོགས་ཀྱི་རྒྱུག་མཐུད་དབྱུག་པ་དེ་རྒྱུན་མཐུད་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།