“རེ་འདུན་ཆུང་ངུ”བསྒྲུབས་ནས་དམངས་ལ་དྲོ་སྐྱིད་སྦྱིན་པ།
ཉེ་ཆར། བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཞོགས་ཇའི་གྲོས་བསྡུར་ཁང་ནས་དྲོ་སོབ་སོབ་ཀྱི་རྣམ་པ་ཞིག་མངོན་ཞིང་། རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་ལས་ཐོག་ཏང་ཡོན་དང་བླངས་པས་དེ་གར“རེ་འདུན་ཆུང་ངུ”རྩིས་ལེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ངོ་འཕྲད་རོགས་སྐྱོར་བྱས་ཏེ་སེམས་དྲོད་བྱ་སྤྱོད་ལ་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་སེལ་རོགས་བྱས་ཡོད།
རོགས་སྐྱོར་གནད་སྨིན་བྱ་ཆེད་བྱེད་སྒོའི་དུས་འགོར་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་མཐིལ་རྟོགས་བཅར་འདྲི་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་དང་། ཕ་མ་ཡ་ཆགས་ཁྱིམ་ཚང་། ཕྲུ་གུ་ཡུལ་གཞན་དུ་སློབ་སྦྱོང་བྱེད་པར་སྐྱོད་པ་སོགས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས། མང་ཚོགས་ཀྱི“རེ་འདུན་ཆུང་ངུ”རེ་རེ་བཞིན་བསྡུ་རུབ་དང་ཐོ་འགོད་བྱས་ཤིང་། དེ་ནས་མཉམ་སྐྲུན་ཚན་པར་སྦྲེལ་མཐུད་ཀྱིས་རོགས་སྐྱོར་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་དངོས་བསྐངས་ཡོད།
པད་སྒྲོན་ནི་ད་ཐེངས་ཀྱི་རོགས་སྐྱོར་བྱ་ཡུལ་ཞིག་ཡིན་ཞིང་། ཁོ་མོ་དབང་པོ་སྐྱོན་ཅན་ཡིན་པ་མ་ཟད། ཁོང་གཅིག་པོས་ཕྲུ་གུ་གཉིས་གསོ་དགོས་པའི་ཁར་ཁྱིམ་ལ་ཡོང་འབབ་བརྟན་པོ་མེད་པས་ལས་ཀ་དང་འཚོ་བ་གང་ཅིར་དཀའ་ངལ་ཆེན་པོ་ཡོད། སྡེ་ཁུལ་གྱིས་གནས་ཚུལ་ཁོང་དུ་ཆུད་རྗེས་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་དང་དུས་ཐོག་ཏུ་འབྲེལ་གཏུག་བྱས་པས་ཏང་ཡོན་དང་བླངས་པས་རང་འགུལ་ངང་ཁོང་གི“རེ་འདུན་ཆུང་ངུ”བསྒྲུབས་ཏེ་རོགས་སྐྱོར་གྱི་འཚམས་འདྲིའི་དངུལ་སྤྲད་པ་རེད།
དཀའ་ངལ་ཡོད་པའི་མང་ཚོགས་མིག་དམར་ལའང་སེམས་དྲོད་རོགས་སྐྱོར་ཐོབ་ཡོད་ཅིང་། མིག་དམར་ཁྱིམ་གྱི་དཔལ་འབྱོར་ཆ་རྐྱེན་ཞན་པ་དང་ཕྲུ་གུ་ལྗོངས་ཕྱིའི་མཐོ་སློབ་ཏུ་ཡོད་པས་འཚོ་བའི་འགྲོ་གྲོན་ཁ་ཐང་པོ་ཡོད། ཕྲུ་གུ་སློབ་གྲྭར་སྡོད་རིང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ནི་ཁོང་གི་རེ་འདུན་ཆེ་ཤོས་དེ་རེད། འཚམས་འདྲིའི་དངུལ་རག་རྗེས་མིག་དམར་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་དངུལ་དེ་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུར་འཕྲལ་དུ་བསྐུར་ནས་ཕྲུ་གུར་སེམས་སུ་བཀའ་དྲིན་དྲན་པ་དང་། སློབ་སྦྱོང་ལ་འབད་བརྩོན་བྱས་ནས་འབྱུང་འགྱུར་སྦྱངས་པར་གྲུབ་འབྲས་ཐོན་པར་བྱས་ཏེ་སྤྱི་ཚོགས་ལ་དྲིན་ལན་འཇལ་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།
“རེ་འདུན་ཆུང་ངུ”ལས་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་པ་མངོན་ཞིང་། ད་ཐེངས་ཀྱི་མཉམ་སྐྲུན་རྩིས་ལེན་གྱི་རོགས་སྐྱོར་བྱེད་སྒོ་དེས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་གཞི་ཚུགས་ཏེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ་ནས་མང་ཚོགས་ལ་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དངོས་སུ་ཚོར་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།